བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འགོར་བར་རྟེན་འབྲེལ་ཞུ་བ་ལས་གཞི་རིམ་དུ་བསྐྱོད་པའི་སྐོར།

— མཚོ་སྔོན་རྒྱ་མདོ་རྫོང་གི་སློབ་ཆུང་དང་པོའི་ལོ་བརྒྱའི་སློབ་གྲྭ་རྙིང་བའི་ལོ་ངོ40རིང་གི་འགྱུར་ལྡོག

སྔོན་ཆད་གྱི་ཁང་ལེབ་དམའ་མོ་དེ་དག་ད་ལྟ་སློབ་ཁྲིད་ཐོག་ཁང་ཆེན་མོ་གསུམ་དུ་གྱུར་ཞིང་། སྔོན་ཆད་རྡོ་སོལ་དང་བུད་ཤིང་ལ་བརྟེན་ནས་མེ་ཁ་གསོ་སྟངས་དེ་ལ་ད་ལྟ་གཅིག་བསྡུས་སྒོས་དྲོད་རླངས་འདོན་སྤྲོད་བྱེད་བཞིན་ཡོད། སྒོ་སམ་ལེབ་མོ་ཞིག་ནས་ད་ལྟ་བསྣོལ་སྡེབ་རང་བཞིན་གྱི་གློག་རྡུལ་སྒོ་སམ་དུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧའེ་རིགས་རང་སྐྱོང་རྫོང་གི་སློབ་ཆུང་དང་པོ་དེ་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་སློབ་ཁྲིད་ཀྱི་ཆ་རྐྱེན་དང་བྱེད་ཐབས། རྒྱུ་སྤུས་སོགས་ལ་ཆ་སྙོམས་སྒོས་བཅོས་སྒྱུར་ཐོབ་ཡོད། དེ་ལས་ཀྱང་མི་སེམས་འགུལ་ཐུབ་པ་ཞིག་ལ་མཐོ་སྒང་གི་མི་རིགས་ས་ཁུལ་གྱི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་འཛིན་སྟངས་ལ་ཡང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

རྒྱ་མདོ་རྫོང་སློབ་ཆུང་དང་པོའི་རོལ་དབྱངས་ཚོགས་པའི་ཁོངས་མི་ཧན་ཅོན་ཅེ་ཡིས་གློག་རྡུལ་རྒྱུད་མངས་ལ་བརྟེན་ནས 《རྨ་ཆུའི་མཉམ་ལེན་ཆེན་པོ》ཞེས་པ་བཀྲོལ་རྡུང་བྱེད་བཞིན་པ།

སློབ་ཁང་ནང་དུ་འཛུལ་དུས“ཐོག་མར་མེ་ལ་བསྲོ་བ”ནས“ཐོག་མར་ལྭ་བ་འཕུད་པའི ”བར།

རྒྱ་མདོ་རྫོང་སློབ་ཆུང་དང་པོ་རུ་ལོ་ངོ25ཡི་རིང་ལ་སློབ་ཁྲིད་བྱས་པའི་དགེ་རྒན་མ་ཡུས་ལེན་ནི་སྔོན་ཆད་སློབ་གྲྭ་འདིའི་སློབ་མ་རེད། དགེ་རྒན་མ་ཡུས་ལེན་གྱིས་བཤད་རྒྱུར། “དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་སློབ་ཁང་རེ་རེའི་ནང་དུ་ལྕགས་ཐབ་ཡོད་མོད། འོན་ཀྱང་རྡོ་སོལ་ཁོ་ན་འབུད་པ་ལ་བརྟེན་ནས་སློབ་ཁང་ནང་དྲོ་རུ་བཅུག་ན་སློབ་མའི་མ་དངུལ་གྱིས་དགུན་སྐྱེལ་དཀའ་ངེས། དེའི་རྐྱེན་གྱིས་སློབ་གྲྭས་ང་ཚོ་རྩ་འཛུགས་བྱས་ཏེ་རི་འགོར་བུད་ཤིང་བཏུ་རུ་བཅུག་མྱོང་ཞིང་། ཕྱིར་སློབ་གྲྭར་ལོག་པའི་ལམ་ཐག་བསྣན་ན་ཁྱོན་བསྡོམས་སྤྱི་ལེ་དྲུག་ནས་བདུན་གྱི་མཚམས་སུ་འགྲོ་དགོས”ཟེར། མཐོ་སྒང་གི་གྲང་ངར་ལ་སུས་ཀྱང་གདོང་ལེན་བྱེད་དཀའ་བས། སྐབས་དེར་དགེ་རྒན་དག་སློབ་ཁང་ནང་འཛུལ་མ་ཐག་ཐོག་མར་ཁ་ལག་སྲོ་བ་རེད། སློབ་གྲོགས་དག་སློབ་ཁང་དུ་འཛུལ་དུས་སྔོན་ལ་ལག་པས་ཕུར་ཕུར་དང་རྐང་བས་ས་ལ་རྡེག་རྡེག་བྱེད། ད་ལྟ་སློབ་གྲྭས་གཅིག་བསྡུས་སྒོས་དྲོད་རླངས་འདོན་སྤྲོད་བྱེད་བཞིན་ཡོད་པས། བྱིས་པ་དག་སློབ་ཁང་དུ་འཛུལ་མ་ཐག་སྔོན་ལ་རང་གི་ལྭ་བ་མཐུག་པོ་དེ་ཕུད་པ་རེད།

མདོ་ལ་རི་བོའི་ལྷོ་རྒྱུད་དུ་གནས་པའི་སློབ་གྲྭ་འདི་ནི་ཆེས་ཐོག་མར1905ལོར་གསར་འཛུགས་བྱས་པའི་སྒེར་གྱི་སློབ་གྲྭ་ཡིན་ལ། ལོ་ངོ་བརྒྱ་ལྷག་གི་རིང་ལ་སྤོར་སྣུར་དང་བཅོས་སྒྱུར་འཛུགས་སྐྲུན་མང་པོ་ཞིག་བརྒྱུད་དེ། མིང་བརྗེས་ནས་ཁུ་བསྡུ་བྱས་པ་བརྒྱུད་ད་ལྟ་འཛིན་གྲྭ34དང་སློབ་མ1641ཡོད་པས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་མིང་བཏགས་པའི་དེང་རབས་སློབ་གསོའི་ལག་རྩལ་ཚོད་ལྟའི་སློབ་གྲྭ་རེད། ལོ་ན50སོན་པའི་དབྱིན་ཡིག་དགེ་རྒན་ལུས་དབྱིས་ལེན་སློབ་གྲྭ་འདིར་ལས་འཕྲོར་ཟབ་མོ་ཞིག་ཡོད་དེ། 1976ལོར་ཁོ་མོས་སློབ་གྲྭ་འདི་རུ་སློབ་སྦྱོང་བྱས་མྱོང་ཞིང་། རྗེས་སུ་ཡང་བསྐྱར་ཕྱིར་སློབ་གྲྭ་འདིར་ཡོང་ནས་སློབ་ཁྲིད་བྱས་པ་རེད། དེའི་མི་ཚད་ཁོ་མོའི་བུ་མོ་གཉིས་ཀས་ཀྱང་སྔ་གཞུག་ཏུ་སློབ་གྲྭ་འདི་རུ་སློབ་སྦྱོང་བྱས་མྱོང་ཟེར།

དགེ་རྒན་ལིས་ཡུས་ལེན་གྱིས་བཤད་རྒྱུར། དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུའི་བར་སློབ་གྲྭ་ནི་སྔར་བཞིན་ཁང་ལེབ་དམའ་མོ་སྟར་ཕྲེང་གཅིག་ཡིན་ཞིང་། ཧ་ཅང་དམའ་ལ་ཞིག་རལ་དུ་སོང་ཡོད་པས། ཕྱོགས་བཞི་རུ་རླུང་བུ་རྒྱུ་འོངས། སློབ་ཁང་ནང་དུ་རྐུབ་སྟེགས་རིང་བོ་དང་མི་གཉིས་སྡོད་སའི་ཅོག་ཙེ་བཞག་ཡོད། སློབ་གྲོགས་ལ་ལས་ད་རུང་རྐུབ་སྟེགས་རང་གི་ཡུལ་ནས་ཁྱེར་ཡོང་ཡོད་ཟེར། 1992ལོར་སླེབས་དུས་སློབ་གྲྭས་ཐོག་སོ་རིམ་པ་གསུམ་ཅན་གྱི་སློབ་ཁྲིད་ཐོག་ཁང་ཞིག་འཛུགས་སྐྲུན་བྱས་མོད། འོན་ཀྱང་སློབ་གྲྭ་ཧྲིལ་པོར་གློང་དོང་ཆེན་པོ་དེ་གློག་ཆས་གཞན་ཡོད་པ་མ་རེད་ཟེར།

2001ལོར་སློབ་གྲྭས་གློག་རྡུལ་ཐོག་ཁང་གསར་འཛུགས་བྱས་ཤིང་། དེ་ཡང་སྔ་མོ་ནས་གློག་ཀླད་རྩིས་འཁོར་གྱི་སློབ་ཁྲིད་བྱེད་ཆེད། སློབ་གྲྭ་ཡོངས་ཀྱི་དགེ་རྒན50ལྷག་གིས་མི་རེའི་ཟླ་བ་གཅིག་གི་ཟླ་ཕོགས་དེ་སློབ་གྲྭར་ཞལ་འདེབས་སུ་གནང་ནས་སྒོར་མོ་དེས་རྩིས་འཁོར་ཁང་གི་སྒྲིག་ཆས་སོགས་ཉོས་པ་ཡིན་ཞེས་རྒྱ་མདོ་རྫོང་གི་སློབ་ཆུང་དང་པོའི་སློབ་གཙོ་ཝང་ཧུའུ་ཡོན་གྱིས་གསར་འགོད་པ་ལ་བཤད་བྱུང་། ཡང་གཅིག་བཤད་ན། སློབ་ཁང་འདིས་སློབ་གྲྭའི་བྱིས་པ་སྟོང་ཕྲག་ལྷག་གི་མ་འོངས་བའི་མདུན་ལམ་ལ་སྒེའུ་ཁུང་གསར་པ་ཞིག་ཕྱེས་པ་ཡིན་ཟེར།

ཝང་ཧུའུ་ཡོན་གྱིས་ངོ་སྤྲོད་བྱེད་རྒྱུར། རྫོང་ཡོངས་ཀྱི་སློབ་གྲྭའི་ཁྱབ་ཁོངས་ལ་སྙོམས་སྒྲིག་བྱ་ཆེད། 2013ལོའི་ཟླ8པར་རྒྱ་མདོ་རྫོང་སློབ་ཆུང་དང་པོ་གསར་དུ་འཛུགས་སྐྲུན་བྱེད་པ་ལེགས་འགྲུབ་བྱུང་། ད་ལོའི་བར་སློབ་གྲྭས་ཐོག་ཁང་མི་འདྲ་བ་གསུམ་ལ་རྣམ་པ་སྔ་ན་མེད་པ་ཞིག་ལྡན། ལུས་རྩལ་ཐང་ཆེན་ངོས་མཉམ་ཞིང་གྲལ་དག་པ། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲྭ་བཞི་མ་གྲུ1.2ལས་བརྒལ་ཡོད། རྩིས་འཁོར་ཁང་དང་སྨྱན་བྱེད་སློབ་ཁང་། འཕྲུལ་མི་ཁང་། ཚན་རིག་ཚོད་ལྟ་ཁང་སོགས་བྱེད་ནུས་མི་འདྲ་བའི་སློབ་ཁང་སོགས་ཅི་ནུས་གང་འཛོམས་བྱས་ཡོད། སློབ་གླིང་དྲ་བ་དང་དྲ་རྒྱ། སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་སྟེགས་བུ་སོགས་ཡོད་ཚད་འཐུས་ཚང་ཅན་དུ་བཏང་ཡོད།

འདི་ནི་རྒྱ་མདོ་རྫོང་སློབ་ཆུང་དང་པོའི་སློབ་ཁྲིད་ཐོག་ཁང་གི་ཕྱིའི་རྣམ་པ་ཡིན།

སློབ་ཁྲིད་བྱེད་སྟངས་དེ“མཁྲེགས་འཛིན་བློར་འདོན”ནས་ཐུན་མིན་ཁྱད་ཆོས་ཅན་ལ་འཕེལ་རྒྱས་སུ་གཏོང་བར་དོ་སྣང་བྱས་པ།

སློབ་ཁྲིད་ཐོག་ཁང་གི་ཐོག་སོ་དང་པོའི་བྱང་རྒྱུད་ཀྱི་གསལ་པོར་མངོན་པའི་གླུ་དབྱངས་སློབ་ཁང་ནང་དུ་གློག་རྡུལ་རྒྱུད་མངས30ལྷག་སྟར་ཕྲེང་བསྒྲིགས་ནས་བཞག་འདུག་ལ། དེ་ཡང་ལོ་གཅིག་གི་ཡར་སྔོན་དུ་ཧན་ཅོན་ཅེ་གློག་རྡུལ་རྒྱུད་མངས་ཚོགས་པར་ཞུགས་པ་ནས་བཟུང་། ཁོས་གཟའ་འཁོར་རེ་རེར་འདི་རུ་ཐེངས་གཅིག་ནས་གཉིས་ལ་སྦྱོང་བརྡར་བྱེད་བཞིན་ཡོད། སྤྲོ་སྐྱིད་ཀྱི་དབྱངས་རྟ་སྙན་མོ་དག་ཁོའི་ཚོར་བ་སྐྱེན་པའི་མཛུབ་མོར་བརྟེན་ནས་རྒྱུད་མངས་ཀྱི་མཐེབ་གཞུང་སྟེང་དུ་གནོན་བཞིན་ཡོད་པས་ངོ་མས་མི་སེམས་དབང་མེད་དུ་འགུག་འོང་། ད་ལྟ་ཁོ་རང་ལོ9སོན་མེད་ན་ཡང་འོན་ཀྱང་ཁོས《རྨ་ཆུའི་མཉམ་ལེན་ཆེན་པོ》ཞེས་པ་སོགས་ཀྱི་དབྱངས་རྟ་བཀྲོལ་རྡུང་བྱེད་ཐུབ།

དགེ་རྒན་མ་ཡུས་ལེན་གྱིས་བཤད་རྒྱུར། 2013ལོ་ནས་བཟུང་སློབ་གྲྭས་ཚོགས་པ་མི་འདྲ་བ་མང་པོ་ཞིག་རྩ་འཛུགས་བྱས་པ་རེད། དཔེར་ན་ཡིག་གཟུགས་དང་མཛེས་རྩལ། གླུ་དབྱངས། ཞབས་བྲོ། ལག་ཤེས་བཟོ་ལས་སོགས་རེད། འདི་དག་གིས་སློབ་མའི་སྤྲོ་སྣང་དང་དགའ་ཕྱོགས་གསར་སྔོག་བྱེད་པ། སློབ་མའི་ཚུགས་ཐུབ་ཀྱི་རང་གཤིས་འཕེལ་རྒྱས་སོགས་ལ་ཐུན་མིན་བྱེད་ནུས་ངེས་ཅན་ལྡན་པ་རེད་ཟེར། འདི་ལྟ་བུའི་སློབ་ཁྲིད་ཐབས་ལམ་ནི་ལོ་ངོ30ཡི་ཡར་སྔོན་དུ་བློ་ཡུལ་ལ་ཡང་དྲན་མི་ཐུབ་པ་ཞིག་རེད།

རིག་རྩལ་ཚོགས་པ་ལས་གཞན་སློབ་གྲྭས་ད་རུང་མུ་མཐུད་དུ་རྩིས་འཁོར་ཁང་དང་འཕྲུལ་ཆས་ཀྱི་མི། ཚན་རིག་ཞིབ་འཇུག་ཁང་སོགས་བྱེད་ནུས་ཅན་གྱི་ཁང་བས་སློབ་གྲྭའི་སྤུས་ཚད་སློབ་གསོ་ཡང་འཕེལ་རྒྱས་སུ་བཏང་ཡོད། སློབ་དཔོན་ཝང་ཧུའུ་ཡོན་གྱིས་བཤད་རྒྱུར། སྔོན་ཆད་རང་བྱུང་རྒྱུན་ཤེས་ཚོད་ལྟ་ནི་ཡང་མིན་ན་དགེ་རྒན་གྱི་ཁ་ནས་བཤད་པ་དང་ཡང་མིན་ན་སྒོ་སམ་སྟེང་དུ་འབྲི་བ་རེད། ད་ལྟ་ཚན་རིག་ཚོད་ལྟ་ཁང་གིས་ཐད་ཀར་དུ་ལས་ཆོག འཕྲུལ་མི་ཁང་ལ་བརྟེན་ནས་སློབ་གྲྭ་སང་ལོ་ཞིང་ཆེན་ཡོངས་ཀྱི་འཕྲུལ་ཆས་མིའི་འགྲན་སྡུར་ལ་ཞུགས་རྒྱུའི་འཆར་གཞི་ཡོད་ཟེར།

རྒྱ་མདོ་རྫོང་གི་སློབ་ཆུང་དང་པོའི་སློབ་དཔོན་གཞོན་པ་ཀྲང་ཡུས་ལེ་ཡིས་ཕྱིར་དྲན་བྱེད་བཞིན་བཤད་རྒྱུར། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་དགུ་བཅུ་པའི་ནང་འཛིན་གྲྭ་གཅིག་གི་ནང་དུ་དགེ་རྒན་གཉིས་མ་གཏོགས་མེད་ལ། དེའི་མི་ཚད་མང་ཤོས་ནི་ཆེད་སྦྱོང་སློབ་མཐར་ཕྱིན་པ་ཡིན། སྐད་ཡིག་དགེ་རྒན་གྱིས་བསླབ་བྱ་ཡོད་ཚད་ཁྲིད་བཞིན་ཡོད་པས། བསླབ་དེབ་སྟེང་གི་ཤེས་བྱ་མང་པོ་ཞིག་དགེ་རྒན་རང་ཉིད་ཀྱིས་མཐོང་མ་མྱོང་བ་ཡང་ཡོད་པས། རང་གི་བསམ་གཞིག་དང་ཡང་ན་འདྲ་རིས་དེབ་སོགས་འཚོལ་བསྡུ་བྱས་ཏེ་སློབ་མ་དག་ལ་ཉན་དུ་བཅུག སྐབས་དེར་སློབ་མ་དག་ལ་རང་གི་དགའ་ཕྱོགས་ཐད་བདམ་གསེས་བྱེད་པའི་བར་སྟོང་ཅི་ཡང་མེད་ཟེར།

སློབ་གཙོ་ཝང་ཧུའུ་ཡོན་གྱིས་བཤད་རྒྱུར། ད་ལྟ་སློབ་གྲྭར་ཆེད་ལས་དགེ་རྒན85ལྷག་ཡོད་པ་དང་ཡོན་ཚད་ཡང་ཆེད་སྦྱོང་ཡན་ཡིན། དེའི་ཁྲོད་དངོས་གཞིའི་ཡོན་ཚད་ཅན་གྱི་དགེ་རྒན54ཡོད། ང་ཚོས་ད་རུང་མུ་མཐུད་དུ་གླུ་དབྱངས་དང་ལུས་རྩལ། མཛེས་རིས། ཚན་རྩལ་སོགས་སློབ་ཁྲིད་བྱེད་པའི་དགེ་རྒན10ལྷག་ལས་བསྡུ་བྱས་ཏེ་བྱིས་པ་དག་གི་རྒྱུན་ལྡན་གྱི་སློབ་གསོའི་དགོས་མཁོ་ཁྱོན་ཡོངས་ནས་སྐོང་ཅི་ཐུབ་བྱ་རྒྱུ་ཡིན་ཟེར། 2014ལོའི་ཟླ3པའི་ནང་སློབ་གྲྭས་ད་རུང་གློག་རྡུལ་བསྣོལ་མའི་སྒོ་སམ་དཀར་པོ་སྒྲིག་འཇུག་བྱས་ཤིང་། ཐད་མཐོང་དང་སྣང་བརྙན། གསོན་ཉམས་ལྡན་པ་བཅས་ཀྱི་སྒོ་ནས་སློབ་ཁྲིད་ཀྱི་ཐོན་ཁུངས་མངོན་འགྱུར་བྱས་ཡོད།

རྒྱ་མདོ་རྫོང་སློབ་ཆུང་དང་པོའི་འཕྲུལ་མི་ཚོགས་པས་ཁོངས་མི་དག་གིས་བྱ་འགུལ་སྤེལ་བཞིན་པ།

ལོ་ཙཱ་བ། ལྷ་དཔལ་སྐྱབས།