རང་ཞིང་གི་ས་ཁུལ་སོ་སོས་དགུན་དཔྱིད་ཀྱི་ཡུལ་སྐོར་ཐོན་རྫས་གསར་པ་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ12པ་ནས་བཟུང་ནམ་ཟླའི་དྲོད་གྲང་ཡང་ཇེ་འཁྱག་ནས་ཇེ་འཁྱག་དུ་འགྲོ་བཞིན་ལ། བྱང་ཕྱོགས་ཀྱི་གངས་འཁྱག་ཡུལ་སྐོར་དང་ལྷོ་ཕྱོགས་ཀྱི་གྲང་ངར་ལ་གཡོལ་བའི་ཡུལ་སྐོར་ནི་ནམ་རྒྱུན་ལོ་རེའི་དགུན་ཁའི་དུས་ཚིགས་ཀྱི་ཡུལ་སྐོར་གཙོ་གནད་དུ་གྱུར་ཡོད། རང་ཞིང་གིས་དགུན་ཚིགས་ཡུལ་སྐོར་ཐོན་རྫས་སྔར་ལས་ཕུན་སུམ་ཚོགས་པར་ཇེ་མང་དུ་གཏོང་བ་དང་། མཚོ་སྔོན་གྱི་ཡུལ་སྐོར་དེ་ཡོངས་ཁྱབ་ཅན་དང་དུས་ཚིགས་ཅན་བཅས་ལ་ཆ་སྙོམས་སྒོས་འཕེལ་རྒྱས་སུ་གཏང་ཆེད། རང་ཞིང་གིས་ཟླ10པ་ནས་བཟུང་སྟེ་དགུན་ཚིགས་ཡུལ་སྐོར་གྱི་སྒོ་འཕར་ཡོངས་སུ་ཕྱེས་ནས། སྒེར་པའི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པ་དང་གངས་འཁྱགས་ཡུལ་སྐོར་བྱེད་པ། བརྙན་ལེན་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་ཐོན་ལས་དེས་དགུན་ཚིགས་ཡུལ་སྐོར་བྱ་བའི་ལས་སྒོ་སྔར་ལས་ཚ་པོར་མཐོར་འདེགས་སུ་བཏང་པ་རེད།

ཉེ་སྔོན་རང་ཞིང་གི་གྲོང་ཁྱེར་དང་ཁུལ་སོ་སོས་དགུན་ཚིགས་ཡུལ་སྐོར་གྱི་བྱ་འགུལ་གང་དག་སྤེལ་ཡོད་དམ་ཞེ་ན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ12པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས“འགྲུལ་བ་སྟོང་དང་འཁོར་ལོ་ཁྲི་ཟི་ལིང་དུ་ཡུལ་སྐོར་བྱེད་པ”ཞེས་པའི་དགུན་ཚིགས་དཔྱིད་དུས་ཀྱི་སྒེར་པས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པ། ལོ་སར་བསུ་ཆེད་གངས་འཁྱགས་དུ་རླངས་འཁོར་འགྲན་རྒྱུག་བྱེད་པ། མདོ་དབུས་མཐོ་སྒང་གི་གངས་འཁྱགས་ཆབ་རོམ་དུས་ཆེན། གངས་འཁྱགས་ལུས་རྩལ་ཉམས་ལེན་འགྲན་སྡུར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཆ་རྐྱེན་ཕུན་སུམ་ཚོགས་པའི་སྒེར་པའི་རླངས་འཁོར་བསྐོར་བའི་ཡུལ་སྐོར་དང་གངས་འཁྱགས་ཡུལ་སྐོར་སོགས་བྱ་འགུལ་དག་གིས་མཚོ་སྔོན་ས་ཆའི་དུས་ཚིགས་མི་འདྲ་བའི་ཁྱད་ཆོས་དང་འགུག་ཤུགས་དེ་གསལ་པོར་མངོན་པར་བྱས་པ་རེད།

མཚོ་ཤར་གྲོང་ཁྱེར་གྱིས་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་སྐབས་བརྒྱད་པའི་འཇའ་ཚོན་ཚོ་བའི་གངས་འཁྱག་དུས་ཆེན་དང“འཛམ་གླིང་ཁ་བའི་ཉིན་མོ”ཞེས་པའི་རྒྱལ་སྤྱིའི་བྱིས་པའི་གངས་ཤུད་དུས་ཆེན། སྤྱི་ལེ་བདུན་མཚམས་ཀྱི་མེ་ཏོག་གི་རྒྱ་མཚོའི་གངས་ཤུད་བྱ་འགུལ་སོགས་སྤེལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུ་ལོ་ཁུ་གཙང་བོའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གངས་འཁྱག་བྱ་འགུལ་སྤེལ། མཚོ་སྔོན་པོས་མཚོ་སྔོན་པོ་བཀག་སྡོམ་དང་མཚོ་སྔོན་པོའི་ངོ་མཚར་མཛེས་ལྗོངས། དཔྱིད་ཚིགས་ཀྱི་འདབ་ཆགས་ལ་གཟིགས་པའི་བྱ་འགུལ་སོགས་སྤེལ། ཁྲི་ཀ་རྫོང་གིས་རྨ་ཆུའི་འདམ་སའི་བརྙན་ལེན་དང་འདབ་ཆགས་ལ་གཟིགས་སྐོར་བྱེད་པའི་བྱ་འགུལ་དེ་ཆན་ཙི་གཙང་བོའི་ངོགས་སུ་སྤེལ། ན་གོར་མོ་གྲོང་ཁྱེར་གྱིས་ད་རུང་སྒེར་པས་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པ་དང་འགྲན་རྒྱུག གཞིས་སྒར་འདེབས་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་སྒོས་ཉམས་ཞིབ་གཙོ་བོ་ཡིན་པའི་ཆེས་མཐོའི་ཡུལ་སྐོར་བྱ་འགུལ་སྤེལ་པ་རེད།

གསར་འགོད་པས་ད་དུང་མཚོ་སྔོན་ལྕགས་ལམ་དང་མཁའ་འགྲུལ་རྒྱལ་སྤྱིའི་ཡུལ་སྐོར་ཁང་དང་ཁང་ཧེ་རྒྱལ་སྤྱིའི་ཡུལ་སྐོར་ཁང་སོགས་ཡུལ་སྐོར་ལས་རིགས་ཆེ་ཤོས་དག་ལས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་འདི་དག་གི་རིང་ལ། རང་ཞིང་གི་གངས་འཁྱག་ཡུལ་སྐོར་ཐོན་ལས་དང་ཆུ་ཁོལ་གྱི་ཡུལ་སྐོར་ཐོན་ལས། དམངས་སྲོལ་ཡུལ་སྐོར་ཐོན་ལས་བཅས་ཀྱི་ཁ་གྲངས་དང་ཡུལ་སྐོར་མི་སྣའི་ཁ་གྲངས་སོགས་ལོ་རེ་བཞིན་ཆ་སྙོམས་སྒོས་ཡར་འཕར་བ་རེད། ནང་སྒོས་སུ་ཡུལ་སྐོར་བྱེད་པའི་མི་གྲངས་ཡར་འཕར་ཞིང་། ཟླ11པ་དང་ཟླ12པའི་ནང་ཡུལ་སྐོར་ཆེད་མངག་མི་སྣའི་ཁ་གྲངས་དེ་ལོ་སྔོན་མ་ལས་བཅུ་ཆའི་གསུམ་ནས་བཞི་ལྷག་འཕར་ཡོད་པ་རེད།

མཚོ་སྔོན་རྒྱལ་སྤྱིའི་ཡུལ་སྐོར་ཁང་ཚོང་དོན་སྡེ་ཁག་གི་ལས་གཉེར་མཁན་ཀྲང་ཅོན་གྱིས་གསར་འགོད་པ་ལ་ད་ལོའི་གངས་འཁྱག་ཡུལ་སྐོར་གྱི་སྔོན་མངག་འཛིན་བྱང་ཉོ་མཁན་གཙོ་བོ་ནི་དར་མ་དང་རྒན་པའི་ཚོགས་སྤྱི། ལོ་རབས90ལོ་ནང་སྐྱེས་པའི་ན་གཞོན་གཙོ་བོ་ཡིན། ཁྱིམ་ཚང་གཅིག་གཙོ་བོ་བྱས་ཏེ་འཛིན་བྱང་སྔོན་མངག་བྱེད་མཁན་ཡང་མང་། དེ་ཡང་འགྲུལ་བའི་ཡོང་ཁུངས་ངོས་ཐད་ནས་ལོ་སྔོན་མ་དང་བསྡུར་ན་པེ་ཅིན་དང་ཀྲེ་ཅང་། ཀོང་ཏུང་། ཧྲང་ཧའེ་སོགས་ལྷོ་ཕྱོགས་ས་ཆའི་ཡུལ་སྐོར་བ་དག་གིས་གངས་འཁྱགས་ཡུལ་སྐོར་ལ་བཅངས་བའི་བརྩེ་སེམས་དེ་སྔར་ལས་མཐོ་བ་རེད། གྲང་ངར་ཆེ་བའི་དགུན་ཚིགས་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་རིག་གནས་ཀྱི་རྫོང་སྟུག་པོའི་དམངས་སྲོལ་གོམས་གཤིས་སོགས་ནི་གངས་འཁྱགས་ཡུལ་སྐོར་ལས་རིགས་ཀྱི་འགུག་ཤུགས་ཆེ་བའི་བྱ་དངོས་གལ་ཆེན་ཞིག་ཡིན། ད་ལོ་རང་ཞིང་གིས་ཉམས་ལེན་གྱི་ནང་དོན་ཐད་གངས་ཤུད་ཀྱི་སྤྲོ་སྣང་དང་དམངས་སྲོལ་གྱི་ཟས་མཆོག ལོ་རྒྱུས་ཀྱི་རིག་གནས་རྫོང་མཁར་གྲགས་ཅན་ལ་མྱུལ་ཞིབ་བྱེད་པ་བཅས་ཀྱི་ཡུལ་སྐོར་བྱ་འགུལ་དར་སྤེལ་བཏང་ཞིང་། ལམ་ཐིག་དང་རྒྱུ་སྤུས་དེ་ལོ་སྔོན་མ་ལས་ཡར་འཕར་དུ་བཅུག་ཡོད་མོད། འོན་ཀྱང་རིན་གོང་སོགས་ཀྱི་ཐད་ལ་ལོ་སྔོན་མ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་མེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།