རང་ཞིང་གིས་སྐབས་དང་པོའི་གངས་འཛེག་འཇོན་ནུས་གསབ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ12པའི་ཚེས15ཉིན་སྟོང་སྐོར་རྫོང་གྲོག་རོང་ཆེན་མོའི་མཛེས་ལྗོངས་ཁུལ་གྱིས་དམིགས་གསལ་གྱི་འགྲུལ་བ་སྐོར་ཞིག་ལ་སྣེ་ལེན་བྱས་ཤིང་། ཁོ་ཚོ་ནི2018ལོ་ནས2019ལོའི་ཁངས་འཁྱགས་དུས་ཚིགས་སྐབས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་གངས་འཛེག་འཇོན་ནུས་གསབ་སྦྱོང་འཛིན་གྲྭར་ཟབ་ཞུགས་བྱས་པའི་སློབ་མ་དང་ཁྲིད་སྟོན་པ་ཡིན་ངེས། མཚོ་སྔོན་ཞིང་ཆེན་གྱི་ཕྱི་རོལ་ལུས་རྩལ་མཐུན་ཚོགས་ཀྱིས་རྒྱ་ཆེའི་སློབ་མ་དག་ལ་གསབ་སྦྱོང་བྱས་པ་བརྒྱུད་རང་ཞིང་གི་གངས་འཛེག་ལུས་རྩལ་དེ་འཕེལ་རྒྱས་སུ་གཏང་བར་སྐུལ་འདེད་བྱས་པ་རེད།

མཚོ་སྔོན་ནི་ཀྲུང་ཧྭའི་ཆུ་མཛོད་དང་གཙང་གསུམ་འབྱུང་ཁུངས། རང་བྱུང་སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་པ། གངས་འཁྱགས་ཐོན་ཁུངས་བཅས་ལ་ཐུན་མིན་ཁྱད་ཆོས་ལྡན་པས། གངས་འཁྱགས་ལུས་རྩལ་གྱི་ལས་གཞི་འཕེལ་རྒྱས་སུ་གཏོང་བར་ལྷན་སྐྱེས་ཀྱི་ཁྱད་ཆོས་ལྡན། ལོ་འདི་དག་གི་རིང་ལ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྤྱི་ཁྱབ་ཅུའུ་ཡིས་བཏོན་པའི“བྱང་ཕྱོགས་ཀྱི་གངས་འཁྱགས་ཤར་སྤེལ་དང་ལྷོ་ཕྱོགས་འཕེལ་རྒྱས་སུ་གཏོང་བ། ནུབ་ཕྱོགས་རྒྱ་སྐྱེད་པའི”འབོད་སྐད་ལྟར་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་མཉམ་བསྲེས་བྱས་ཏེ། གངས་འཁྱགས་ཐོན་ལས་སྐྱེད་བསྲིངས་དང་གངས་ཆད་ལས་གཞི་མངོན་འགྱུར་གྱིས། 2022ལོའི་པེ་ཅིན་དགུན་དུས་ཨོ་རྩལ་ལ་རོགས་འདེགས་སྒོས་དངུལ་མདོག་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཏེ་འཁྱག་རོམ་གྱི་ཐོན་ཁུངས་དེ་ཚ་བའི་ཐོན་ལས་ཅན་དུ་བསྒྱུར་ནས། དཔལ་འབྱོར་ཁེ་ཕན་དང་སྤྱི་ཚོགས་ཁེ་ཕན་ཐད་ཀྱི་རྒྱལ་ཁ་འདྲེས་མ་མངོན་འགྱུར་བྱས་ཡོད།

རང་ཞིང་གི་དངུལ་མདོག་དཔལ་འབྱོར་གྱི་འཕེལ་རྒྱས་ལ་མེ་ཁ་གསོ་ཆེད། མཚོ་སྔོན་ཞིང་ཆེན་ཕྱི་རོལ་ལུས་རྩལ་མཐུན་ཚོགས་ཀྱིས་དགུན་ཚིགས་ཀྱི་ཁྱད་ལྡན་ཕྱི་རོལ་ལུས་རྩལ་ཁྱབ་སྒྲོག་དང་སྐུལ་འདེད་བྱེད་པ་གཙོར་བཟུང་ཞིང་། དེ་ཡང་དགུན་ཚིགས་ཀྱི་གངས་འཛེགས་ཉམས་ལེན་བྱ་འགུལ་བརྒྱུད་དེ་དམངས་ཡོངས་ཀྱི་དགུན་ཚིགས་བདེ་ཐང་གི་ངར་ཤུགས་འདོན་སྤེལ་སྒོས་ཚང་མས་གངས་འཁྱགས་ཁྲོད་ཀྱི་སྤྲོ་སྣང་དེ་ལོངས་སུ་སྤྱད་པ་རེད།

ཕྱི་རོལ་ལུས་རྩལ་མཐུན་ཚོགས་ཀྱི་འགན་ཁུར་མི་སྣ་ཀོའུ་ཧྥུ་ཆིང་གིས་ངོ་སྤྲོད་བྱས་པ་ལྟར་ན། གངས་འཛེག་ལུས་རྩལ་དེ་ནི་རི་འཛེག་ལུས་རྩལ་གྱི་འཕེལ་རྒྱས་ལས་བྱུང་བ་ཡིན་ལ། རི་བོ་མཐོན་པོ་དང་གངས་རི་མཐོན་པོའི་རྩེ་རུ་འཛེག་མཁན་གྱིས་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་ཡིན་ཞིང་རི་རྩེར་འཛེག་པའི་ལུས་རྩལ་གྱི་གཞི་རྩའི་རྩལ་ནུས་ཉག་གཅིག་ཀྱང་ཡིན། གངས་འཛེག་ལུས་རྩལ་གྱི་རྣམ་གྲངས་འདི་ནི་སྔོན་ཆད་ཆེད་ལས་ལུས་རྩལ་མཁན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། ལོ་འདི་དག་གི་རིང་ལ་རང་སྲུང་བྱེད་ནུས་ལྡན་པའི་གངས་རླུང་དང་ཆབ་རོམ་ཁྲོད་ལམ་བུ་འབྱེད་པའི་གངས་འཛེག་སྒྲིག་ཆས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། གངས་འཛེག་བྱེད་སླ་བའི་མང་ཚོགས་ཀྱི་ཕྱི་རོལ་ལུས་རྩལ་དགའ་མོས་ཅན་གྱི་དགུན་ཚིགས་ཀྱི་ལུས་རྩལ་ཤིག་ཏུ་གྱུར་ཡོད། དེར་ཐུན་མིན་གྱི་རྣམ་པ་གསར་པའི་སྒྲིག་ཆས་དང་བྱིས་སྒྲུང་འཇིག་རྟེན་ལྟ་བུའི་བྱ་འགུལ་གྱི་ཁོར་ཡུག ལུས་སེམས་གཉིས་ཀར་ངར་ཤུགས་སློང་བའི་ཚོར་བ་བཅས་ཡོད་པས། གངས་འཁྱགས་ཁྲོད་ཀྱི་སྒེག་ཉམས་ཅན་གྱི་ཞབས་བྲོ་རུ་གྱུར་ཡོད་པ་རེད།

ཀོའུ་ཧྥུ་ཆིན་གྱིས་བསྟན་དོན། མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་གངས་འཁྱགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད། ཟི་ལིང་སྟོང་སྐོར་གྱི་གྲོག་རོང་ཆེན་མོ་ནི་ངོས་གཅིག་གི་ཞེང་ཚད་ལ་རྨིད30དང་མཐོ་ཚད་ལ་རྨིད70ཡི་མིས་བཟོས་གྲོག་རོང་ཞིག་ཡིན་ཞིང་། ཟི་ལིང་གྲོང་ཁྱེར་གྱི་མངའ་ཁོངས་དང་སྤྱི་ལེ30ཡི་མཚམས་སུ་ཡོད་པས། གངས་འཁྱགས་གྲོག་རོང་གི་དཀའ་ཁག་དེ་སླ་བ་ནས་དཀའ་མོ་ཅན་དུ་ཕུན་སུམ་ཚོགས་པར་བཏང་ཡོད་པས། གངས་འཛེག་དགའ་མོས་མཁན་དང་ཐོག་མར་སྦྱོང་མཁན་ལ་ཧ་ཅང་འཚམ་ངེས་པས། གངས་འཁྱགས་གསབ་སྦྱོང་དང་ཉམས་ལེན་དར་སྤེལ་དུ་གཏོང་བའི་ཡུལ་གལ་ཆེན་ཞིག་ཡིན། སྐབས་དང་པོའི་གསབ་སྦྱོང་ལ་ཞུགས་པའི་སློབ་མ་མི་ཉུང་བ་ཞིག་གིས་ཐོག་དང་པོར་ལས་གཞི་འདིར་ཞུགས་ནས་ཉམས་ལེན་བྱས་པ་ཡིན་མོད། འོན་ཀྱང་དུས་ཡུན་ཐུང་ངུའི་རིང་ལ་མི་མང་པོ་ཞིག་ལས་གཞི་ལ་སྤྲོ་སྣང་ཡོད་པར་གྱུར་ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།