རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་རྣམས་རེབ་གོང་རྫོང་མི་རིགས་སློབ་འབྲིང་དུ་ལྟ་སྦྱོང་དུ་ཕེབས་པ།

དེ་ཡང་ཇི་སྐད་དུ། རིག་འཛིན་འཇིགས་མེད་གླིང་བའི་ཞལ་ནས།བསོད་ནམས་དཔྱིད་ཀྱི་རྒྱལ་མོའི་ཤིང་རྟ་ལ་ཕེབས་པའི། །ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུག་གི་གསུང་སྙན། །ཡ་གིའི་དྲི་ཟའི་བུ་མོའི་གླིང་བུ་ལས་སྙན་པ། །དབྱར་གསུམ་ནམ་ཟླ་སྤྲོ་བའི་རྟེན་འབྲེལ་ལ་ཡག་བྱུང་། ། ཞེས་པ་ལྟར2018ལོའི་ཟླ12པའི་ཚེས12ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་དུ། རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་བསོད་ནམས་བཀྲ་ཤིས་གཙོ་བྱས་པའི་ལོ་རིམ་སོ་སོའི་འགན་འཛིན་པ། བོད་ཡིག་དང་རྒྱ་ཡིག་ཚན་ཁག་གི་དགེ་རྒན་བཅས་བསྡོམས་པས་དགེ་རྒན་བཅུ་གསུམ་རང་རེའི་སློབ་གྲྭར་གཟིགས་ཞིབ་བམ་ཉམས་མྱོང་བསྡུ་ལེན་དུ་ཕེབས། དེ་ལ་སློབ་གཙོ་མཁར་རྩེའི་བཀོད་སྒྲིག་ལྟར་རང་རེའི་སློབ་གྲྭའི་འགོ་ཁྲིད་དག་མདུན་བསུར་ཕེབས་ཏེ་ལྷག་བསམ་རྣམ་དག་གིས་བསུ་མ་བྱས།

ཐོག་མར་རང་རེའི་སློབ་གྲྭའི་ཏང་ཡོན་བྱ་འགུལ་ཁང་དུ་ཕྱོགས་གཉིས་ཀའི་འགོ་ཁྲིད་དང་དགེ་རྒན་རྣམས་མཉམ་དུ་འཛོམས་ནས་དཔེ་ཀློག་དང་མྱོང་ཚོར་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་གནངས། ཚོགས་འདུར་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་བསོད་ནམས་བཀྲ་ཤིས་དང་ལོ་རིམ་ཁག་གི་སྡེ་གཙོ། བོད་ཡིག་དང་རྒྱ་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་བཅས་བསྡོམས་པས་དགེ་རྒན་བཅུ་གསུམ་དང་། རང་རེའི་སློབ་གྲྭའི་འགོ་ཁྲིད་མཁར་རྩེ་དང་བསླབ་ཚན་འགའི་འགན་འཛིན་པ་དག་བགྲོ་གླེང་ཚོགས་འདུར་ཞུགས། ཐོག་མར་རེབ་གོང་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་མཁར་རྩེ་ཡིས་སློབ་གྲྭའི་མིག་སྔའི་གནས་ཚུལ་མཚམས་སྦྱོར་གནང་བ་དང་སློབ་སྟོན་ཀྲུའུ་རིན་གཡུང་དྲུང་ཐར་གྱིས་ཚོགས་རར་འགོ་འཛིན་མཛད།

རྔ་བ་རྗོང་བོད་ཡིག་སློབ་འབྲིང་གི་སློབ་གཙོས་ཀྱང་རྔ་བ་རྫོང་བོད་ཡིག་སློབ་འབྲིང་མཚམས་སྦྱོར་མདོར་བསྡུས་དང་གཟིགས་ཞིབ་ཏུ་ཕེབས་པའི་དམིགས་ཡུལ་སོགས་གླེང་སྟེ། རང་རང་གི་དཔེ་ཀློག་གི་མྱོང་ཚོར་དང་དཔེ་ཆ་འདོར་བ་ནི་ཤེས་ཡོན་འདོར་བ་ཡིན་པའི་བརྗོད་གཞི་གཙིགས་སུ་བཟུང་ནས་སོ་སོས་མྱོང་སྣང་གི་དྲན་སྟངས་ལྷུག་པོར་བརྗོད།དེ་རྗེས་ཡུལ་དངོས་སུ་སོང་སྟེ་སློབ་ཁྲིད་སློབ་ཁང་དང་། སློབ་མའི་དཔེ་ཀློག་ཁང་། བོད་ཡིག་ཡིག་གཟུགས་འབྲི་སྦྱོང་ཁང་། འཛིན་གྲྭ་འགའ་བཅས་ལ་གཟིགས་ཞིབ་གནང་སྟེ་ཉམས་མྱོང་བསྡུ་ལེན་བྱས། སློབ་སྟོན་ཁང་གི་ཀྲུའུ་རིན་གཡུང་དྲུང་ཐར་གྱིས་རེབ་གོང་རྫོང་མི་རིགས་སློབ་གྲྭའི་སློབ་མའི་ཀུན་སྤྱོད་སློབ་གསོ་དང་སློབ་ཁང་སློབ་ཁྲིད་སྐོར་ནས་མཚམས་སྦྱོར་གནང་བ་མ་ཟད། སློབ་གསོ་འཕེལ་རྒྱས་དང་སློབ་ཁྲིད་དོ་དམ། རིག་གཞུང་འཛུགས་སྐྲུན། སློབ་སྒྲུབ་དམིགས་ཡུལ་དང་ཆ་རྐྱེན། སློབ་མའི་སློབ་ཁྲིད་ཀྱི་བྱ་བ་སྣ་ཚོགས་རང་བཞིན་དྲང་བོར་བརྗོད་པའི་སྒོ་ནས་རྒྱས་པར་གསུངས། 

ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་སློབ་གསོ་འཕེལ་རྒྱས་ཀྱི་ཕྱོགས་ལ་མཐོང་ཆེན་དང་ཡར་སྐུལ། སྐད་གཉིས་སློབ་གསོའི་འཕེལ་རྒྱས་དང་རང་གི་ཐུན་མོང་མ་ཡིན་པའི་དཔེ་ཁྲིད་མི་སྐྱོང་གི་གནས་ཚུལ། སློབ་སྒྲུབ་ཀྱི་ཆ་རྐྱེན། རིག་གཞུང་འཛུགས་སྐྲུན་དང་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་སྐྱེད་སྲིང་བྱ་སླད། ས་ཆ་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གདན་ཞུ་དང་ལྟ་སྦྱོང་གི་ཡུལ་དངོས་སུ་བསྐྱོད་དེ་ཉམས་མྱོང་བརྗེ་རེས་བྱེད་བཞིན་ཡོད་པ་རེད། ལྷག་པར་དུ་སློབ་སྒྲུབ་ཀྱི་ལམ་ལུགས་དང་སློབ་ཁྲིད་ཀྱི་དོ་དམ། སློབ་གསོ་ཡང་དག་པའི་ལམ་དུ་ཇི་ལྟར་བསྐྱོད་རྒྱུའི་ཕྱོགས་ནས་ཉམས་མྱོང་གསོག་པའི་རིག་གནས་ཀྱི་ལས་ཀ་དང་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་དང་སྤེལ་བཞིན་པ་འདི་ནི་མིག་མཐོང་ལག་ཟིན་དུ་སྣང་ལ་ཀུན་གྱིས་བསྔགས་པར་འོས་སོ། །

རྗེ་རིན་པོ་ཆེའི་བདེ་སྨོན་ལས། སེམས་ཅན་ཡལ་བར་དོར་ནས་རང་དོན་ལ།།རེ་བའི་བློ་ནི་ནམ་ཡང་མི་སྐྱེ་ཞིང།།གཞན་དོན་སྒྲུབ་པའི་ཚུལ་ལ་མ་རྨོངས་པའི།།ཐབས་ལ་མཁས་པས་གཞན་དོན་ལྷུར་ལེན་ཤོག།

མཐར་དགེ་རྒན་དག་གིས་ཉམས་མྱོང་བརྗེ་རེས་དང་དམིགས་ཡུལ་དང་། འཆར་བཀོད་སྣ་ཚོགས་ལ་གྲོས་བྱས་ནས་མ་འོངས་པར་མུ་མཐུད་དུ་ཕྱོགས་སོ་སོ་ནས་ཕན་ཚུན་ལ་ཁ་བརྡ་དང་མཉམ་འབྲེལ་གྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་འཛུགས་སྐྲུན་དེ་སློབ་ར་སོ་སོ་ནས་སྤེལ་ཅི་ཐུབ་དང་། སློབ་མའི་བདག་གཉེར་དོ་དམ་དང་སློབ་སྒྲུབ་ཀྱི་ཡང་དག་པའི་ལམ་ལུགས་མུ་མཐུད་གོང་སྤེལ་དང་། མི་འདང་བའི་ཆ་སོགས་ལ་ཇི་ལྟར་ཤུགས་སྣོན་བྱ་དགོས་པའི་སྐོར་ནས་རང་རང་གི་ཐབས་དང་ནུས་པ་གང་འཚམ་ཞུས་ནས་མཇུག་བསྡུས།

རང་སྐད་རིག་པའི་འདབ་སྟོང་གྲོལ་བའི་མཚོར། །སྐལ་བཟང་རྐང་དྲུག་མགྲོན་དུ་འབོད་དགོས་ན། །ཕན་ཚུན་ལྟ་སྦྱོང་ཟེའུ་འབྲུའི་དགའ་སྟོན་འབུམ། །ལྷག་བསམ་དར་དཀར་གཅིག་གིས་ཅིས་མི་འདྲེན། ། ཤེས་རིག་འཕེལ་རྒྱས་སློབ་གྲྭའི་འོས་འགན་ཡིན། །སློབ་མའི་ཡར་རྒྱས་དགེ་རྒན་ཡོངས་ལ་རག ། དགེ་རྒན་བཟང་བོར་སློབ་སྦྱོང་ཁྲོད་ནས་རྙེད། །ལྟ་སྦྱོང་ལས་འདི་དུས་ཐོག་ཆར་བ་མཐོང་། ། ཞེས་སྨོན་འདུན་གྱི་ཚིགས་སུ་བཅད་པས་མཇུག་བསྐྱངས་ནས་མ་འོངས་པར་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་ལ་འབད་བཞིན་པའི་སློབ་གྲྭ་སོ་སོས་རང་རང་གི་ཐུན་མོང་མ་ཡིན་པའི་སློབ་སྒྲུབ་ཀྱི་བྱ་ཐབས་ལེགས་པོ་རྒྱུད་འཛིན་དང་སློབ་གྲྭ་ཕན་ཚུན་ལ་མིག་དཔེ་དང་སློབ་སྦྱོང་བྱས་ནས་གཞན་གྱི་ལེགས་པའི་ཆ་ནང་དུ་དྲངས་ནས་རང་གི་མི་འདང་བའི་ཆ་ལ་ཁ་གསབ་དང་འཕེལ་རྒྱས་གཏང་རྒྱུ་ནི་གནད་ཀྱི་དམ་པའོ། །

གསར་འགོད་པ། རེབ་གོང་བསམ་སྤྱོད།