སྨན་པ་གྲྭ་ཚང་ནས་དེང་རབས་སྨན་ཁང་གི་ལམ་ཁར་སྙེག་པའི་མཚོ་སྔོན་བོད་སྨན་གྱི“འཕོ་འགྱུར་ཆེན་པོ”།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་པདྨ་རབ་བརྟན་གྱིས་ཉེ་ལམ་གསར་འགོད་པར། ང་ཚོའི་བོད་སྨན་ལ་མཚོན་ན་སྡེབ་རྫས་དང་སྨན་རྩྭ་སྡེབ་སྦྱོར་སོགས་རང་གིས་བྱས་པ་ཡིན་པས་གོང་ཁེ་ལ་ཕན་ནུས་མངོན་གསལ་ཡིན། ལྷག་པར་དུ་སྨན་རྫས་ལས་སྣོན་བཟོ་གྲྭ་གསར་དུ་བཙུགས་ནས་སྨན་རིལ་དང་སྨན་ཕྱེ་སོགས་རིགས་སྣ12བཟོ་ཐུབ་པ་དང་།ལོ་ཧྲིལ་པོར་སྨན་རྫས་ཏུན200ལ་སླེབས་པ་ཐོན་སྐྱེད་བྱེད་བཞིན་ཡོད་ཟེར།

པདྨ་རབ་བརྟན་གྱིས་འདི་སྐད། ལོ་ངོ་སུམ་ཅུ་ལྷག་གི་ནང་དུ། སྨན་ཁང་འདི་བོད་སྨན་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། རིག་གནས། སྨན་རྫས་གསར་གཏོད། རྒྱལ་སྤྱིའི་བརྗེ་སྤེལ་བཅས་གཅིག་ཏུ་དྲིལ་བའི་ཀྲུང་གོའི་ཀ་པ་རིམ་པ་གསུམ་པའི་བོད་སྨན་སྨན་ཁང་ཐོག་མར་གྱུར་ནས་ཀྲུང་གོའི་བོད་སྨན་གྱི་སྒོ་མོ་ལྟ་བུར་ཆགས་ཤིང་། ད་ལྟ་ནང་སོག་གི་ཨར་ཏུའོ་སི་དང་མཚོ་སྔོན་ཡ་རྫི་རུ་ཡན་ལག་སྨན་ཁང་བཙུགས་ནས་ལོ་རེར་ཆ་སྙོམས་བྱས་ན་ནད་པ་མི་ཐེངས་ཁྲི15ལ་ནད་བརྟག་ནད་བཅོས་ཐུབ་ཀྱི་ཡོད་ཟེར།

སྨན་ལུམས་ཚན་ཁག་གི་ཀྲུའུ་རེན་དཀོན་མཆོག་ཚེ་རིང་གིས་འདི་སྐད། སྨན་ཁང་ཐོག་མར་འཛུགས་དུས་སུ་སྨན་ལུམས་ཚན་ཁག་བཙུགས། སྨན་ལུམས་ཀྱི་ནད་བཅོས་བྱེད་སྟངས་བོད་སྨན་གྱི་ཕྱི་བཅོས་གཞན་དག་གི་སྨན་བཅོས་དང་ཁྱད་པར་མེད་ལ། བཅོས་ཐབས་འདི་དང་ཐོག་བོད་བརྒྱུད་ནང་བསྟན་གྱི་སྨན་པ་གྲྭ་ཚང་གིས་རྒྱུད་འཛིན་པ་ཞིག་རེད། ཕྱིས་དེང་རབས་ཀྱི་མི་རིགས་སྨན་ཁང་གི་ལམ་སྣར་དྲངས་རྗེས་འཛིན་སྐྱོང་སྤེལ་གསུམ་འཐུས་ཤོར་མེད་པ་བྱས་པས་ཀྲུང་གོ་དང་ཐ་ན་འཛམ་གླིང་རིམ་པའི‘གཟུགས་འདས་ཤུལ་བཞག’གི་ལས་གཞིའི་གྲས་སུ་ཚུད་བྱུང་བ་རེད་ཟེར།

དཀོན་མཆོག་ཚེ་རིང་གིས་མུ་མཐུད་དུ་སྨན་ལུམས་ཚན་ཁག་ལ་དང་ཐོག་ནད་ཁྲི་དྲུག་མ་གཏོགས་མེད་མོད། ཕྱིས་ནད་པ་ཇེ་མང་དུ་སོང་ནས་ནད་ཁྲི་བཅོ་བརྒྱད་ལྷག་བསྒྲིགས། ནད་པ་ཧ་ཅང་མང་དུས་ཉིས་བརྒྱ་ནས་སུམ་བརྒྱ་ལྷག་གྲལ་བསྒྲིགས་ཡོད་ལ། དེར་རང་རྒྱལ་གྱི་ས་གནས་ཁག་དང་། ཨུ་རུ་སི། ཧ་སག་སི་ཐིན་སོགས་ནས་ཡོང་མཁན་ནད་པ་ཡང་ཡོད་པ་ལ་ཕལ་ཆེ་བས་སྨན་ལུམས་ཀྱི་མཚན་སྙན་གོ་ཐོས་བྱུང་ནས་ཡོང་བ་ཤ་སྟག་རེད། སྨན་གདུ་བྱེད་ཀྱི་སྒྲིག་ཆས་ཆ་ནས་ཐོག་མའི་འབུད་ཤིང་ལ་བརྟེན་པའི་བྱེད་ཐབས་དེ་རླངས་པས་སྨན་ཁུ་འཛིར་བའི་ཐབས་སུ་བསྒྱུར་ཡོད། སང་ལོར་ང་ཚོས་མ་དངུལ་དུང་ཕྱུར1.6བཏང་ནས་སྨན་ལུམས་རྒྱུད་འཛིན་དང་གསར་གཏོད་ཀྱི་གཞི་ཁྱོན་དང་ཚན་རིག་གི་ཚད་གཞི་ཇེ་ཆེ་ཇེ་མཐོར་བཏང་ནས་འཛམ་གླིང་གི་སྨན་ལུམས་ཆེད་ཚན་རྩེ་གྲ་ཞིག་བཟོ་འདོད་ཀྱི་འཆར་ཇུས་ཡོད་ཟེར། 

སྨན་པས་སྨན་ཁུ་སྒོར་བཞིན་པ།

སྨན་ལུམས་ཚན་ཁག་གི་ལོགས་སུ་ཐ་མལ་ནད་མེད་ཚན་ཁག་ཡོད། སྨན་ཁང་གིས 《རྒྱུད་གཞི》གཞུང་དུ་འཁོད་པ་གཞིར་བཟུང་སྟེ། “མིག་ལ་འཚར་བའི”སྨན་ལྷ་དང་སྨན་ལྷའི་ཞིང་བཀོད་ལྟ་ན་སྡུག་པ་ཞིག་བསྐྲུན་པའི་བློ་ཐོག་མ་བཀོད་དེ། སྨན་ཆ་མི་ཚང་སྨན་ནི་མིན། སྣ་ཚོགས་འདུས་པའི་སྨན་གྱིས་ནི། ནད་མེད་མི་ལ་བཅོས་མི་དཔེ་ཞེས་གྲོང་ཁྱེར་གྱི་ལྷོ་རི་དང་། བྱང་རི། ཤར་རི། ནུབ་རི་བཅས་གླིང་བཞིར་སངས་རྒྱས་སྨན་ལྷའི་སྐུ་རེ་བཞེངས་ནས་བོད་ཀྱི་གསོ་རིག་རིག་གནས་ངོམ་སྟོན་བྱ་བའི་འཆར་གཞི་ཡོད་ཟེར།

ཐ་མལ་ནད་མེད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་པདྨ་དབང་རྒྱལ་གྱིས། ཐ་མལ་ནད་མེད་ཚན་ཁག་གིས་ཕྱི་བཅོས་བྱེད་ཐབས་དང་སེམས་ཁམས་གསོ་ཐབས་སོགས་ཁྱད་ཆོས་ལྡན་པའི་བཅོས་ཐབས་ལ་བརྟེན་ནས་བོད་སྨན་གྱི་ལུས་ཁམས་གསོ་བྱེད་ཀྱི་ཁྱད་ཆོས་མ་ཉམས་དར་སྤེལ་བཏང་བ་དང་། ལྷག་པར་ཚོན་མདངས་རིག་པའི་སེམས་སྒོམ་ནང་འདྲེན་བྱས་པ། རང་རེའི་ཞིང་ཆེན་གྱི་མི་རིགས་གསོ་རིག་སྨན་ཁང་ཁོངས་གཏོགས་ཀྱི་ཐོག་མར་གྱུར་ཡོད་ཟེར།

མཚོ་སྔོན་བོད་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གྲགས་ལྡན་རྒྱ་མཚོས། སྔོན་ཆད་སྨན་པ་གྲྭ་ཚང་གི་ཕྱི་བཅོས་བྱེད་ཐབས་ལ་གསེར་ཏེལ་དང་། སྐུད་འཇུག རྔབས་རུ། གཏར་ཁ་རྒྱག་པ་སོགས་ཡིན་ཞིང་། ང་ཚོས་སྲོལ་རྒྱུན་གྱི་བཅོས་ཐབས་རྒྱུད་འཛིན་དང་ཆབས་ཅིག་ཏུ་དེང་རབས་སྒྲིག་ཆས་བཀོལ་སྤྱོད་བྱེད་པ་ཡིན།  བོད་སྨན་གྱི་བཅོས་ཐབས་འདི་དག་ནི་ལོ་དུ་མར་སྔོག་འདོན་བྱས་པའི་འཇུག་འབྲས་ཡིན་ཞིང་། དེའི་ཕན་ནུས་ཀྱང་ཧ་ཅང་མངོན་གསལ་རེད་ཟེར།

པདྨ་རབ་བརྟན་གྱིས། སྨན་ཁང་འཛུགས་གཉེར་གྱི་ལས་ལ་བློ་འདོན་དང་ཇུས་འདོན་མཁན་གྱི་སྨན་པ་རྒན་པའི་གནས་བབ་ལ་གཞིགས་ནས་སྨན་ཁང་གིས་སྨན་པ་རྒན་གྲས་གྲགས་ཅན་གྱི་བཅོས་ཐབས་རྒྱུད་འཛིན་བྱ་བའི་ལས་དོན་ཁང་དང་རང་རྒྱལ་གྱི་གསོ་རིག་ལྷ་རྗེ་ཆེན་པོ་ཉི་མའི་སྨན་ཁང་བཙུགས་ཏེ། སྨན་པ་རྒན་པོའི་གསོ་རིག་གཞུང་ལུགས་ཀྱི་དགོངས་པ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་རྣམས་ཕྱོགས་བསྡུས་དང་། རྒྱུད་འཛིན། དར་སྤེལ་བྱས་ཡོད་ཟེར།

དེ་དང་ཆབས་ཅིག་ཚན་ཞིབ་ལས་གཞི་དུ་མ་གཉེར་ནས《བོད་ཀྱི་གསོ་རིག་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས》དང་《བོད་ཀྱི་གསོ་རིག་ཀུན་བཏུས》སོགས་སྒྲིག་རྩོམ་དང་། བོད་སྨན་གསོ་རིག་སློབ་དེབ་སོགས་ཆེད་དེབ200ལྷག་སྒྲིག་རྩོམ་མཛད།

པདྨ་རབ་བརྟན་གྱིས་འདི་སྐད། ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་དགེ་མཚན་དེ་འབྲོག་ཁུལ་དུ་དར་སྤེལ་བྱ་ཆེད། མཚོ་སྔོན་གྱི་བོད་སྨན་དང་སོག་སྨན་སྨན་ཁང་བཅས་སྨན་ཁང་བཅུ་གཉིས་ཀྱིས་སྨན་བཅོས་མཉམ་འབྲེལ་གྱི་སྒྲིག་གཞི་བཙུགས་ཤིང་། གཞི་རིམ་གྱི་རྒྱ་སྨན་དང་བོད་སྨན་སྨན་ཁང་ཧ་ལམ400ལ་ཁྱད་ཆོས་ལྡན་པའི་ཆ་འཕྲིན་ཅན་གྱི་ཞབས་ཞུ་བཏོན་ནས་བོད་སྨན་སྨན་བཅོས་མནའ་འབྲེལ་གྱི་རྒྱང་དཔྱད་སྟེགས་བུ་བཙུགས། གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ཆེན་པོ་བརྩོན་ལེན་གྱི་ཕྱིར། བོད་སྨན་སྨན་བཅོས་སྡེ་ཤོག་གོང་སྤེལ་གྱི་རྣམ་པ་འཚོལ་ཞིབ་ཀྱི་སྒང་ཡིན་པ། དཔེར་ན་བོད་སྨན་སྨན་བཅོས་ཐེབས་རྩ་ལྟ་བུ་ཡིན། དེ་གཙོ་བོ་མ་དངུལ་གཉེར་སྐྱོང་དང་། མཉམ་འབྲེལ་གཉེར་སྐྱོང་། བཅོལ་དམ་གཉེར་སྐྱོང་། ཁྱད་ལྡན་གཉེར་སྐྱོང་སོགས་ཀྱི་ལམ་ནས་བོད་སྨན་གྱི་ཁམས་གསོ་སྨན་ཁང་གཟུག་རྒྱུའི་འཆར་འགོད་ཐོག སྨན་བཅོས་དང་ཁམས་གསོ། ལྟ་སྐོར་བཅས་ཀྱི་རྒན་གསོ་རྣམ་པ་བཏོད་དེ་དགེ་མཚན་ཁྱད་པར་ཅན་གྱི་བོད་སྨན་སྨན་བཅོས་སྡེ་ཤོག་གཟུག་རྒྱུའི་འཆར་ཇུས་ཡོད་ཟེར།

ཁོན་ཐར་འཚོས་བསྒྱུར།