མདོ་དབུས་མཐོ་སྒང་གི་ཞིང་ཆེན་དང་ལྗོངས་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ“བར་སྣང་གི་མྱུར་སྐྱེལ”གསར་འཛུགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ12པའི་ཚེས4ཉིན་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་ཟི་དང་དམངས་སྐྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་བདག་དོམ་ཅུའུ་གཉིས་ཀྱིས་མཁའ་འགྲུལ་སྐྱེལ་འདྲེན་འཐབ་ཇུས་མཉམ་འབྲེལ་གྱི་སྒྲིག་གཞིའི་གྲོས་མཐུན་གན་རྒྱ་ལ་མིང་རྟགས་བཀོད་དེ། གཅིག་བསྡུས་སྒོས་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་ཕུལ་བྱུང་ཐོན་ཁུངས་བརྒྱུད་དེ་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས། འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱེད་པ། ནུས་ཤུགས་ཟུང་འབྲེལ་གྱིས་མདོ་དབུས་མཐོ་སྒང་གི་བར་སྣང་མྱུར་སྐྱེལ་གསར་འཛུགས་བྱས་ཏེ། མདོ་དབུས་མཐོ་སྒང་གི་ཞིང་ཆེན་གཉིས་ལ་ཕན་པའི་“རྒྱུད་གཅིག་ལམ་གཅིག”གི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱས། མཚོ་སྔོན་དང་བོད་ལྗོངས་གཉིས་ནི་རི་ཆུ་ཟུང་འབྲེལ་བྱས་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཧ་ཅང་རིང་། ད་བར་དུ་ཞིང་ཆེན་གཉིས་ཀྱིས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ས་རྒྱ་ཆེ་ལ་མི་དཀོན་པ། ས་ངོས་ཀྱི་འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཀྱི་ཐུན་མོང་ཁྱད་ཆོས་གཞིར་བཟུང་སྟེ་མཁའ་འགྲུལ་སྐྱེལ་འདྲེན་གྱི་འཕེལ་རྒྱས་དེས་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལ་བཅོས་སྒྱུར་བྱས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན་པ་རེད། འོན་ཀྱང་དཔལ་འབྱོར་རྨང་གཞི་ཅུང་ཞན་པ་དང་ཐོན་ལས་སྒྲིག་གཞི་སྣ་གཅིག་ཡིན་པ། མཐོ་སྒང་གི་རང་བྱུང་ཁོར་ཡུག་གི་ཚད་བཀག་བཅས་ཀྱིས་མཁའ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཐད་ཁྲོམ་རའི་མཁོ་སྤྲོད་ཀྱི་དགོས་མཁོ་མི་འདང་བ། མཁའ་འགྲུལ་གནམ་གྲུ་ཉུང་བ། ཚོང་གཉེར་མ་རྩ་མཐོ་བ། མཁའ་འགྲུལ་ཀུང་ཟི་ལ་འདོད་མོས་དྲག་པོ་མེད་པ་བཅས་དཀའ་ཁག་གང་མང་ཞིག་ཡོད།

འཕེལ་རྒྱས་ཀྱི་དཀའ་ཁག་ཆེ་བའི་གནད་དོན་དེ་དག་ཐག་གཅོད་བྱེད་ཆེད་ཞིང་ལྗོངས་གཉིས་ཀྱིས་མ་དངུལ་གྱི་རྒྱབ་སྐྱོར་དང་རོགས་འདེགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཤིང་མཁའ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་སུ་བཏང་། བོད་ལྗོངས་རང་སྐྱོང་ལྗོངས་ཀྱིས་བོད་ལྗོངས་མཁའ་འགྲུལ་གསར་འཛུགས་བྱས་ཤིང་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་མཁའ་འགྲུལ་དངུལ་གཏོང་ཀུང་ཟི་གསར་དུ་བཙུགས་ནས། མཁའ་སྐྱོད་ཤར་གཏོང་དང་གཞི་རྩའི་མཁའ་འགྲུལ་ཞབས་ཞུའི་འཆར་གཞི་ས་ཁུལ་གྱི་ཚོད་ལྟ་ལག་བསྟར་བྱས། རང་སྟེང་གི་དཀའ་ཁག་ཆེ་བའི་འཕེལ་རྒྱས་དེ་ཐག་གཅོད་བྱས་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་མཐོ་སྒང་གནམ་ཐང་གི་འཕེལ་རྒྱས་ཐད་ལ་ཡང་སྔོག་བཤེར་ནུས་ལྡན་བྱེད་ཐུབ་ཅེས་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཝེ་པོ་ཡིས་བཤད་པ་རེད།

མཉམ་འབྲེལ་གཉིས་ཕན་རྒྱལ་ཁའི་འདུ་ཤེས་ལ་རྨང་བཏིངས་པ། དེ་ལས་གཞན་མདོ་དབུས་མཐོ་སྒང་གི་ཞིང་ཆེན་གཉིས་བར་བཞག་པའི་འཐབ་ཇུས་མཉམ་འབྲེལ་གྱི་ཐུན་མོང་ངོས་ལེན་དེས་ཐུན་མོང་གི་འཕེལ་རྒྱས་དཀའ་ཁག་དེ་གཅིག་བསྡུས་བྱས་ཤིང་འཁོར་སྐྱོད་ནུས་ཤུགས་བརྩོན་ལེན་བྱས་ཏེ་མཁའ་འགྲུལ་དྲ་རྒྱའི་སྒྲིག་གཞི་དང་སྣ་འཛོམས་འགྲིམ་འགྲུལ་འཛུགས་སྐྲུན། འགྲུལ་བའི་ཡོང་ཁུངས་ཀྱི་ཚོང་རའི་གསར་སྤེལ་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་མཉམ་འབྲེལ་བྱས་ཏེ་ལས་རིགས་རྒྱབ་སྐྱོར་བྱ་བའི་སྲིད་ཇུས་བརྩོན་ལེན་བྱས། མཁའ་སྐྱོད་ཁ་ལོ་བའི་གསབ་སྦྱོང་ཁྲོམ་ར་བཙུགས་ཤིང་མདོ་དབུས་མཐོ་སྒང་གི་མཁའ་སྐྱོད་མྱུར་ལམ་འཛུགས་སྐྲུན་དང་མདོ་དབུས་ལྕགས་ལམ། མདོ་དབུས་གཞུང་ལམ་སོགས་ངོ་བོ་གཅིག་ཅན་གྱི་སྣ་འཛོམས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་གསར་འཛུགས་ཀྱིས་མདོ་དབུས་མཐོ་སྒང་ས་ཁུལ་གྱི་དམངས་ཚིས་བཅོས་སྒྱུར་དང་ཡུལ་སྐོར་གསར་སྤེལ། ཐོན་ལས་འཕེལ་རྒྱས། ཕྱི་ཕྱོགས་སྒོ་འབྱེད་བཅས་ཀྱི་ཐད་ལ་འགྲིམ་འགྲུལ་གྱི་འགན་བཅོལ་ངེས་ཅན་ཞིག་འདོན་སྤྲོད་གང་ལེགས་བྱས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན་ད་ལྟའི་ཆར་བོད་ལྗོངས་ས་ཁུལ་དུ་ཁྱོན་བསྡོམས་སྐྱེལ་འདྲེན་གནམ་ཐང་ལྔ་དང་མཁའ་སྐྱོད་ཀུང་ཟི10ཡོད། རྒྱལ་ཁབ་ཕྱི་ནང་གི་མཁའ་འགྲུལ་ལམ་ཐིག87གསར་འབྱེད་བྱས་ཏེ་གྲོང་ཁྱེར་མི་འདྲ་བ47ལ་ཤར་སྐྱོད་ཐུབ་པས་མིང་དོན་གཉིས་ལྡན་གྱི་བར་སྣང་ཚེ་སྲོག་གི་ལམ་ཐིག་དང་སྐྱེལ་འདྲེན་འགན་སྲུང་ལམ་ཐིག མི་རིགས་མཐུན་སྒྲིལ་ལམ་ཐིག སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་ཐིག་བཅས་ཡིན། ཟླ12པའི་ཚེས4ཉིན་བར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི500ལྷག་ལ་ཕེབས་བསུ་བྱེད་བཞིན་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།