རང་ཞིང་གིས་འདམ་ར་བདག་གཉེར་མཁན་ཡག་ཤོས42ལ་གཟེངས་བསྟོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ12པའི་ཚེས10ཉིན་མཚོ་སྔོན་ཞིང་ཆེན་ནགས་ལས་ཅུའུ་དང་རྩྭ་ཐང་ཅུའུ། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“མཛེས་པའི་གནས་ཆེན་མཚོ་སྔོན---འདམ་རའི་བདག་གཉེར་མཁན་ཡག་ཤོས”ལ་གཟེངས་བསྟོད་བྱ་དགའ་གནང་བའི་མཛད་སྒོའི་སྟེང་རང་ཞིང་གི་སྐྱེ་ཁམས་བདག་དོམ་མཁན་ལ“འདམ་ར་བདག་དོམ་མཁན”ཡག་ཤོས་སུ་གདེང་འཇོག་གཟེངས་རྟགས་གནང་བ་རེད།

རང་ཞིང་གི་འདམ་རའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི814.36ཡོད་པ་དང་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་གོ་གནས་བཟུང་ཡོད། འདམ་རའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིགས་མང་ཞིང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པ་ཆེས་ཆེ་བའི་སྐྱེ་ཁམས་སྙོམས་སྒྲིག་ས་ཁུལ་ཡང་ཡིན། དེ་ཡང་མཐོ་སྒང་གི་འདམ་ར་ལ་སྲུང་སྐྱོབ་གང་ལེགས་བྱ་ཆེད་མཚོ་སྔོན་གྱི་ནགས་ལས་དང་རྩྭ་ཐང་སྡེ་ཁག་བཅས་ཀྱིས་རོང་འབྲོག་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་སྐྱེ་ཁམས་ཀྱི་ལེགས་སྒྱུར་འཁོར་སྐྱོད་གཞིར་བཟུང་སྟེ། འདམ་རའི་སྲུང་སྐྱོབ་སྒྲིག་གཞིའི་སྟེང་ཧུར་ཐག་སྒོས་འཚོལ་བཤེར་སྔོག་འདོན་བྱས་ཏེ། རྒྱལ་ཡོངས་ནས་ཆེས་ཐོག་མའི་འདམ་རའི་སྐྱེ་ཁམས་བདག་དོམ་མཁན་གྱི་སྒྲིག་སྲོལ་བཙུགས། ཆེས་ཐོག་མར“འབྲོག་དམངས་གཙོ་བོ་དང་ཆེད་ལས་ཟུང་འབྲེལ། བདག་དོམ་སྒྲིག་སྲོལ། འགན་བཅོལ་ནུས་ལྡན”བཅས་ཀྱི་འདམ་རའི་སྐྱེ་ཁམས་བདག་དོམ་རུ་དཔུང་ཞིག་ཀྱང་གསར་འཛུགས་བྱས། ཉིན་དེའི་གཟེངས་བསྟོད་བྱ་དགའ་གནང་བའི་བསྟོད་ཚིག་ཁྲོད་འདམ་རའི་བདག་དོམ་མཁན་ལ“འདམ་རའི་སྲུང་མ”ཞེས་པའི་གཟི་བརྗིད་མཚན་སྙན་གནང་། ཁོ་ཚོས་བརྩོན་པ་མཐར་བསྐྱེད་ཀྱིས་འགེབས་སྲུང་བྱེད་ཡུལ་ནི་འདམ་རའི་ཐོན་ཁུངས་ཁོ་ན་ཙམ་མ་ཡིན་པར་སྲུང་སྐྱོབ་བྱེད་ཡུལ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱིམ་གཞིས་རེད། ཁོ་ཚོས་རི་ཆུ་དང་ནགས་ཚལ་རང་གི་ཁྱིམ་དང་འདམ་ར་དེ་རང་གི་གྲོགས་སུ་བྱས་ཏེ་ལ་བརྒྱབ་ལུང་བརྒལ་ཆུ་འབོག་སོགས་ཀྱི་དཀའ་སྡུག་ལ་འབད་འཐབ་ཞུམ་པ་མེད་བྱས་ཏེ་རང་ཞིང་གི་རང་བྱུང་ཐོན་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་བྱེད་ནུས་གལ་ཆེན་བཏོན་པ་རེད།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་ཨུན་ཀོང་གིས་ངོ་སྤྲོད་བྱེད་རྒྱུར། ད་ལོའི་ཟླ5པར་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་འདམ་རའི་སྲུང་སྐྱོབ་ལྟེ་གནས། མཐུན་ཚོགས་དང་མཚོ་སྔོན་ཐེན་ཡེའུ་ཏི་ཚོང་ཚོགས་བཅས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ“མཛེས་པའི་གནས་ཆེན་མཚོ་སྔོན---འདམ་རའི་བདག་གཉེར་མཁན་ཡག་ཤོས”འཚོལ་བཤེར་བྱེད་པའི་བྱ་འགུལ་སྤེལ་བ་རེད། དེ་ཡང་རིམ་བཞིན་སྐུལ་འདེད་བྱས་པ་བརྒྱུད་སྤྱི་བསྒྲགས་ངོས་ལེན་སོགས་ཀྱི་བརྒྱུད་རིམ་ལས་མཇུག་མཐར་ཞིང་ཆེན་ཡོངས་ཀྱི་སྤྱི་ཆིངས1.6གི་ནགས་ལས་སྐྱེ་ཁམས་བདག་དོམ་ཁྲོད“འདམ་རའི་བདག་དོམ་མཁན་ཡག་ཤོས”42བདམས་ཐོན་བྱས་ཤིང་། ཁོ་ཚོ་ནི་རང་ཞིང་གི་འདམ་རའི་སྐྱེ་ཁམས་སྲུང་སྐྱོབ་བྱ་གཞག་ཁྲོད་ཕུལ་དུ་བྱུང་བའི་འཐུས་ཚབ་ཏུ་གྱུར་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།