《རྨ་ལྷོ་ཞིབ་འཇུག》ཅེས་པའི་དུས་དེབ་ཏུ་རྩོམ་ཡིག་བསྡུ་བའི་བརྡ་ཐོ།

རི་བོ་གངས་ཅན་པའི་གཙུག་ལག་རྒྱ་མཚོའི་འཇུག་ངོགས་ཡངས་པོར་མཁྱེན་དཔྱོད་ཉི་ཟླའི་མེ་ལོང་གསལ་ལེར་འཛུམ་ཞིང་སོར་རྩེ་ཡོངས་འདུའི་འཁྲི་ཤིང་གར་དུ་འགྱུ་བའི་རྩེད་འཇོ་ལས་ངག་རིག་སྒྱུ་རྩལ་གྱི་ནོར་བུ་ཅི་དགར་འཇོ་བ་ལ་དབང་འབྱོར་བའི་རྒྱ་ཆེའི་ཤེས་ལྡན་མི་སྣ་ཡོངས་ཀྱི་སྙན་ལམ་དུ་ཞུ་འབྲས།

དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སྐབས་བཅུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་སྟེང་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་སྐབས་དགུ་བའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་དབུ་ཚུགས་མཛད་སྒོའི་སྟེང་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།དེང་རབས་གྲངས་ཉུང་མི་རིགས་རྩོམ་རིག་གི་དགའ་ཚལ་སྔར་ལས་ལྷག་པར་གྲ་རྒྱས་ཕུན་སུམ་ཚོགས་པོ་ཡོང་བ་དང་། ཁྱད་པར་དུ་མི་རིགས་ས་གནས་རང་བཞིན་གྱི་དམངས་ཁྲོད་རྩོམ་རིག་གི་བླ་སྲོག་སྔོག་འདོན་དང་དར་སྤེལ་བྱེད་པ་བཅས་ལ་དམིགས་ནས།ངེད་ཅག་རྨ་ལྷོ་ཁུལ་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ཀྱིས་ད་ལོ་ནས་བཟུང་སྟེ། ཁུལ་ཕྱི་ནང་གི་རྒྱ་ཆེའི་ཤེས་ཡོན་པའི་སྡེ་ལ་ཁ་ཕྱོགས་ཏེ་དམངས་ཁྲོད་རིག་གནས་སྒྱུ་རྩལ་སྐོར་གྱི་ཕུལ་བྱུང་དཔྱད་རྩོམ་བསྡུ་རུབ་བྱེད་རྒྱུ་དང་། ལོ་རེའི་ལོ་མཇུག་གི་སྤྱི་ཟླ་བཅུ་གཉིས་པའི་ཡར་སྔོན་ལ་ལོ་འཁོར་བརྩམས་ཆོས་ཚད་ལྡན་ཁག་ཅིག་ཚགས་སུ་ཆུད་པ་བྱས་རྗེས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་མིང་ཐོག་ནས་ཆེད་དེབ་གཉིས་རེ་གཞུང་ཕྱོགས་ནས་མ་དངུལ་བཏང་སྟེ་པར་བསྐྲུན་འགྲེམ་སྤེལ་བྱེད་རྒྱུར་ཐག་བཅད་པ་ལགས་ན། མཁྱེན་ལྡན་སྨྱུག་ཐོགས་པ་ཡོངས་ཀྱིས་རྩོམ་ཡིག་གི་ནང་དོན་ཐད་རང་རྒྱལ་གྱི་ཁྲིམས་སྲོལ་ལ་མི་འགལ་བའི་རྩ་དོན་གཞིར་བཞག་ཐོག (མི་རིགས་མཐུན་སྒྲིལ་ལ་གནོད་པ་དང་ཡུལ་ལུང་དང་ཆོས་བརྒྱུད་གྲུབ་མཐའི་འཐེན་འཁྱེར་གྱི་རྩོད་གླེང་སློང་བ་སོགས་འཕུད)

བན་བོན་སྔགས་གསུམ་གྱི་ཆོས་ལུགས་ཆོ་ག་དང་བྱེད་སྒོའི་སྐོར།

ཐུན་མོང་མ་ཡིན་པའི་ས་གནས་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་གཟེངས་སུ་ཐོན་ཞིང་མི་རིགས་མཐུན་སྒྲིལ་དང་ཡར་སྐུལ་གྱི་བསམ་བློའི་རང་བཞིན་མངའ་བའི་བརྩམས་ཆོས་གང་མང་དུས་ཐོག་ཏུ་བསྐུར་གནང་ཡོང་བར་དགའ་བསུ་ཞུ།

ཚང་མས་མཁྱེན་གསལ་ལྟར། དམངས་ཁྲོད་རིག་གནས་སྒྱུ་རྩལ་ནི་དུས་ཡུན་རིང་པོའི་ལོ་ཟླའི་ཁྲོད་མི་རྣམས་ཀྱི་འཚོ་བ་དང་ངལ་རྩོལ་ཁྲོད་བྱུང་བའི་ལོ་རྒྱུས་རང་བཞིན་དང་འཚོ་གནས་རང་བཞིན།སྒྱུ་རྩལ་རང་བཞིན་བཅས་ལྡན་པའི་རྩོམ་རིག་གི་གཏེར་ཁ་འཛད་ཐབས་མེད་པ་ཞིག་ཡིན་པ་དང་། ཁྱད་པར་དུ་བོད་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་ཆེས་གདོད་མའི་དུས་ནས་དམིགས་བསལ་རང་བྱུང་ས་དབྱིབས་ཆགས་ཚུལ་དང་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་དུས་རིམ་ནང་བོད་མི་རིགས་རང་ཉིད་ལ་ཤིན་ཏུ་ངོ་མཚར་ཆེ་ལ་ཡ་མཚན་ཅན་གྱི་ཡུལ་སྲོལ་གོམས་གཤིས་སམ་དམངས་ཁྲོད་རིག་གནས་མང་དག་ཅིག་གྲུབ་ཅིང་གནས་ཡོད་ལ། དེ་དག་ལས་ཕལ་མོ་ཆེའི་ནང་དོན་དང་རྣམ་པའི་ཐད། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་འབའ་ཞིག་ཡིན་པ་དང་།དེས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ལྟ་གོམས་སྤྱོད་གསུམ་སྐྱེད་བསྲིངས་བྱས་དང་བྱེད་བཞིན་ཡོད་པ་དང་།མི་རིགས་རང་གི་དམིགས་བསལ་གྱི་རིན་ཐང་ལྟ་བ་དང་མཛེས་དཔྱོད་འདུ་ཤེས་མཚོན་ཀྱིན་ཡོད་པ་ལགས་སོ།། དེ་བས་ངེད་ཅག་ཚོགས་པས་ཀྱང་ས་གནས་དམངས་ཁྲོད་རིག་གནས་སྒྱུ་རྩལ་དང་འབྲེལ་ཡོད་ཀྱི་ཕུལ་བྱུང་བརྩམས་ཆོས་ཁག་ལེགས་བསྡུས་བྱེད་པ་དམིགས་འབེན་དུ་བཟུང་ཐོག སྤྱིར་བཏང་བོད་མི་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་སྐོར་དང་དུས་ཆེན་རོལ་སྟངས། དྲུག་བཅུ་ལོ་སྟོནདང་གྱ་སྟོན། མནོལ་སྟོན། བག་མ་གཏོང་ལེན། ཕུང་བོ་དུར་འཇུག ཟས་གོས་དང་འཛེམ་བྱའི་སྐོར། བཟོ་རིགས་དང་སྒྱུ་རྩལ་གྱི་ཕྱོགས།བཙས་སྟོན་དང་འདས་མཆོད་སྒྲུབ་ལུགས་སོགས་ཁྱབ་ཆེ་ས་ནས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཐད་ཀྱི་ཞིབ་འཇུག་གི་རིན་ཐང་ལྡན་པའི་བརྩམས་ཆོས་ཁག་ཅིག་ལེགས་བསྡུས་ཕྱོགས་བསྒྲིག་བྱེད་འཆར་ལྟར། རྒྱ་ཆེའི་རྩོམ་པ་པོ་རྣམ་པས་ཀྱང་དེ་འབྲེལ་བརྩམས་ཆོས་འདོན་སྤྲོད་གནང་རྒྱུ་ཐུགས་འཇགས་མཛོད། རྩོམ་ལུས་དཔྱད་རྩོམ་གྱི་རྣམ་པ་ཡིན་དགོས་པ་དང་རིང་ཐུང་ལ་ཚད་བཀག་མེད། རྩོམ་ཡིག༢༠༡༩ལོའི་ཟླ༣པའི་ཚེས༡གི་ཡར་སྔོན་དུ་ཅིས་ཀྱང་ངེད་ཚོགས་པར་འབྱོར་དགོས།

རྩོམ་བསྐུར་ཡུལ།རྨ་ལྷོ་ཁུལ་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས།

ཡིག་ཟམ། jamelijia2006@126.com

འབྲེལ་གཏུག་ཁ་པར། 15297035335

རྨ་ལྷོ་ཁུལ་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས།

སྤྱི་ལོ2018ལོའི་ཟླ12ཚེས6ཉིན།