ཟི་ལིང་ས་ཁུལ་གྱི་མཛེས་པའི་ཞིང་གྲོང79འཛུགས་སྐྲུན་ལེགས་འགྲུབ་བྱུང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟི་ལིང་གྲོང་ཁྱེར་མཁར་གྲོང་འཆར་འགོད་འཛུགས་སྐྲུན་ཅུའུ་ཡི་གནས་ཚུལ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་མཐོ་སྒང་གི་མཛེས་པའི་ཞིང་གྲོང79ཡི་འཛུགས་སྐྲུན་དེ་ཕལ་ཆེར་ལེགས་འགྲུབ་བྱུང་ཟིན་པ་དང་སྡེ་གྲོང་ལ་རྣམ་པ་གསར་པ་བྱུང་ཞིང་མི་འདུས་སྡོད་བྱེད་པའི་ཁོར་ཡུག་ལ་ཡང་མངོན་གསལ་གྱིས་བཅོས་སྒྱུར་ཆེན་པོ་ཞིག་བྱུང་བ་རེད།

ད་ལོ་ཟི་ལིང་གྲོང་ཁྱེར་གྱིས“ཐོན་ལས་དར་སྤེལ་དང་སྐྱེ་ཁམས་ལེགས་སྒྱུར། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར”བཅས་ཀྱི་སྤྱིའི་དགོས་མཁོ་གཞིར་བཟུང་སྟེ། ཞིང་གྲོང་གི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་དང་ཞིང་བའི་མཛེས་སྡུག་གི་འཚོ་བའི་རེ་ལྟོས་ལྟར། ཞིང་གྲོང79ལ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་བྱེད་རྒྱུ་གཏན་ཁེལ་བྱས། དེའི་ཁྲོད་རྟ་ཐང་རྫོང་ལ་ཞིང་གྲོང33དང་ཙོང་ཁ་རྫོང་ལ་ཞིང་གྲོང36 སྟོང་སྐོར་རྫོང་ལ་ཞིང་གྲོང10བཅས་ཡོད་པ་རེད།

ཟི་ལིང་གྲོང་ཁྱེར་མཁར་གྲོང་འཆར་འགོད་དང་འཛུགས་སྐྲུན་ཅུའུ་ཡིས་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན། བདག་དོམ་བཅས་གོ་རིམ་མི་འདྲ་བ་ཆེན་པོ་གསུམ་ལ་མཐོང་ཆེན་བྱས་ཤིང་། ཞིང་གྲོང་གི་མིའི་འདུས་སྡོད་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ་གཙོ་བོར་བཟུང་སྟེ་ཞིང་སྡེའི་སྡོད་ཁང་ལ་བཅོས་སྒྱུར་དང་རྨང་གཞིའི་སྒྲིག་ཆས་འཐུས་ཚང་། ཞིང་གྲོང་གི་ཁོར་ཡུག་དག་སྒྲིག སྤྱི་གཞུང་ཞབས་ཞུའི་སྒྲིག་ཆས་སྡེབ་སྒྲིག ཁྱད་ལྡན་ཐོན་ལས་ཐད་ལ་གསབ་སྦྱོང་། སྐྱེ་ཁམས་དང་རིག་གནས་སྲུང་སྐྱོབ་བཅས་ཀྱི་ནང་དོན་གལ་ཆེན་དག་ལ་ཤུགས་སྣོན་བྱས་ཏེ། བྱེད་ཐབས་གང་མང་དང་སྡེ་བ་རེ་ལ་སྲིད་ཇུས་རེ། གཅིག་གྱུར་སྐུལ་འདེད་བཅས་ཀྱིས་མཛེས་སྡུག་གི་ཞིང་གྲོང་འཛུགས་སྐྲུན་བྱས། དེར་མ་ཟད་དབུལ་ཕོངས་སྡེ་བར་དམིགས་གསལ་གྱིས་བསམ་གཞིག་བཏང་སྟེ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང79འཛུགས་སྐྲུན་བྱེད་པའི་ལས་གཞིའི་ཁྲོད་དབུལ་ཕོངས་སྡེ་བ69ཡོད་ལ། དེས་སྤྱིའི་ཁ་གྲངས་ཀྱི87%ཟིན་ཡོད།

འཛུགས་སྐྲུན་བརྒྱུད་རིམ་ཁྲོད། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་སྐྲུན་དང་ཞིང་སྡེའི་ཁང་རྙིང་ལ་བསྐྱར་གསོ་བྱེད་པ་གཉིས་ཟུང་འབྲེལ་སྒོས་རྒྱུན་འཁྱོངས་བྱས་ཏེ། ཁང་རྙིང་བཅོས་སྒྱུར་ལས་གཞིའི་དམིགས་ཚད་དེ་སྡེ་བའི་ནང་ཁུལ་དུ་ཕྱོགས་ནས། ཉེན་ཁ་ཆེ་བའི་ཁང་རྙིང་ཅན་གྱི་དུད་ཁྱིམ783ལ་བཅོས་སྒྱུར་ལག་བསྟར་བྱས་ཏེ་ལས་ཀ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་དུ་བཅུག

དེ་དང་ཆབས་ཅིག ལས་གཞི་དེས་སྡེ་གསར་གྱི་སྡེ་བ་རིམ་པའི་སྣ་འཛོམས་ཞབས་ཞུའི་ལྟེ་གནས30དང་སྡེ་བ་རིམ་པའི་རིག་གནས་ཁམས་གཡེང་ཐང་ཆེན75 རིག་རྩལ་སྒྲིག་ཆས་མི་འདྲ་བ26 གཞུང་ལམ་སྲ་མཁྲེགས་ཅན་སྤྱི་ལེ131 ཉི་འོད་ནུས་པའི་ལམ་འགྲམ་གློག་སྒྲོན5062 གསར་འཛུགས་བྱས་པའི་སྡེ་བ་རིམ་པའི་རྒན་གསོ་ཁང7 སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ལྟེ་གནས6 ཁོར་ཡུག་དག་ཐེར་བྱེད་པའི་ལེགས་བཅོས་ལས་གཞི40 སྡེ་བ48ལ་བདེ་འཇགས་བཏུང་ཆུ་ལག་བསྟར་གྱི་ལས་གཞི་མཐོར་འདེགས་སུ་བཏང་། སྡེ་བ་མི་འདྲ་བ16ལ་གློག་དྲའི་བཅོས་སྒྱུར་ཡང་མངོན་འགྱུར་བྱས་ཏེ་སྡེ་གྲོང་གི་རྨང་གཞི་དང་སྤྱི་གཞུང་ཞབས་ཞུའི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་ཅན་དུ་བཏང་སྟེ། སྡེ་བའི་ཁམས་གཡེང་དང་རིག་གནས་བྱ་འགུལ་ཉིན་རེ་བཞིན་ཕུན་སུམ་ཚོགས་པར་བཏང་། སྡེ་དམངས་ཀྱི་བདེ་སྐྱིད་ཚོར་ཤེས་ཡང་སྔར་ལས་མཐོར་འདེགས་སུ་སོང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།