ཞིང་ཆེན་རིམ་པའི་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་སྐོར་ཐོག་མའི་དཀར་ཆག་ཡོངས་བསྒྲགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་རེའི་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་སྲོལ་རྒྱུན་བཟོ་རྩལ་དར་སྤེལ་སྐོར་དང་པོའི་དཀར་ཆག་བཟོས་པ་ཉེ་ལམ་ཡོངས་བསྒྲགས་བྱས་ཤིང་། དཀར་ཆག་ཏུ་འཁེལ་འཚོས་འཐག་རིས་དང་། གྱོན་ཆས་ཇུས་བཟོ། རྐོ་དཀྲོལ། ཁྱིམ་ཆས་དང་ཁང་པ་བཟོ་འགོད། ལྕགས་རིགས་བཟོ་སྣོན། བཟའ་ཆས་སྦྱོར་བཟོ་སོགས་རིགས་དུ་མ་ཡོད་ཅིང་། དེའི་ནང་རྨ་ཙོང་འཚེམ་དྲུབ། ཙོང་ཁའི་ཁྲེན་ཅ་ཐན་ཤིང་བརྐོས། སྟོང་སྐོར་ཡུལ་མིའི་སྡོད་ཁང་གི་རྡོ་བརྐོས་ལག་རྩལ། རྟ་ཐང་ཆའོ་ཨར་ཀོའུ་རྫ་སྣོད། མཚེ་མགུར་ལུག་ཤ་རྡོག་བཙོའི་ལག་རྩལ་སོགས་རྣམ་གྲངས44ཚུད་ཡོད་པ་རེད།

དཀར་ཆག་ནང་དུ་རྒྱུད་འཛིན་གྱི་རྨང་གཞི་ལྡན་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ། རྒྱུད་འཛིན་པ་ཅུང་མང་བ། དཔེ་སྟོན་སྣེ་འཁྲིད་ཀྱི་ནུས་པ་ལྡན་པ། རང་ཞིང་ངམ་ས་གནས་སུ་སྙན་གྲགས་ཆེ་བའི་སྲོལ་རྒྱུན་བཟོ་རྩལ་བཅས་ཆ་རྐྱེན་ངེས་ཅན་ཚང་བ་བདམས་ཏེ། མི་རིགས་ས་ཁུལ་དང་། ཞིང་འབྲོག་ས་ཁུལ། དབུལ་ཕོངས་ས་ཁུལ་གྱི་ས་གནས་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་རྒྱ་བསྐྱེད་ཕྱོགས་ལ་ཤུགས་བསྣན་འོས་འཚམ་བརྒྱབ་ཡོད་པ་དང་། སྲོལ་རྒྱུན་བཟོ་རྩལ་རྣམ་གྲངས་སྲུང་སྐྱོབ་ཕྱོགས་ནས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཞིང་ཆེན་རིམ་པའི་སྲོལ་རྒྱུན་བཟོ་རྩལ་རིགས་ཀྱི་གཟུགས་འདས་ཤུལ་བཞག་རྣམ་གྲངས་ཀྱི་ངོས་འཛིན་དང་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ཡོད་པ་རེད། ད་སྔ་རང་རེའི་ཞིང་ཆེན་ལ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གྱི་མཚོན་བྱེད་མིང་ཐོ་རུ་ཚུད་པའི་རྣམ་གྲངས253ཡོད་པ་ལ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་སྐོར་ཐོག་མའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དཔེ་སྟོན་རྟེན་གཞི་བཙུགས་པས། རང་རེའི་ཞིང་ཆེན་གྱི་རྒྱུད་འཛིན་ལ་གོ་རིམ་ལྡན་ཞིང་། ཕན་འབྲས་ལེགས་པ། གཟུགས་འདས་ཤུལ་བཞག་རིག་གནས་མྱུར་སྐྱོབ། གཟུགས་འདས་ཤུལ་བཞག་འགྲེམ་སྟོན་དང་དྲིལ་སྒྲོག་སློབ་གསོ་སོགས་སྤེལ་བར་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་ཐོབ་ཡོད། དེ་བཞིན་དུ་ལས་ཞུགས་ལས་གནས་རྒྱ་བསྐྱེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐུལ་སྤེལ་ཐད་ལེགས་རྗེས་ཅུང་ལེགས་པོ་བཞག་ཡོད་པའི་ལས་ཁུངས་བདུན་ཞིང་ཆེན་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་སྐོར་ཐོག་མའི་དཔེ་སྟོན་རྟེན་གཞི་རུ་ངོས་བཟུང་། རྟེན་གཞི་དེ་དག་ལ་གཞི་བཅོལ་ཏེ། སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་དང་བཟོ་རྩལ་བསམ་བློ་སྔོག་འདོན་བྱས་ཏེ། གཟུགས་འདས་ཤུལ་བཞག་གི་ཡང་སྙིང་ལག་རྩལ་རྒྱུན་འཛིན་གྱི་རྨང་གཞིའི་ཐོག ཐོན་རྫས་ཀྱི་སྣ་རིགས་ཇེ་མང་དང་ཇུས་འགོད་སྒྲིག་བཟོའི་ཆུ་ཚད་ཇེ་མཐོར། ཐོན་རྫས་ཀྱི་རྒྱུ་སྤུས་ཇེ་ལེགས་བཅས་སུ་བཏང་ནས་གཟུགས་འདས་ཤུལ་བཞག་རིག་གནས་དེ་དེང་རབས་ཀྱི་འཚོ་བའི་ཁྲོད་འདྲེས་ཐུབ་ཏུ་བཅུག་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།