ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས《སྲིད་གྲོས་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》གཏན་འབེབས་བྱས་ནས་ཕྱིར་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བ་བརྒྱུད། ཟླ12 ཚེས3 ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས《 སྲིད་གྲོས་ཀྱི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》 པར་འགྲེམས་བྱས་ཤིང་། དེ་ནི་སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་མཐའ་འཁྱོལ་དང་། རང་ཞིང་གི་སྲིད་གྲོས་ལས་དོན་གྱི་སྤུས་ཚད་དང་ཕན་ནུས་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་ཐབས་ཤེས་ཤིག་ཡིན་པས། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཆབ་སྲིད་གྲོས་མོལ་གྱི་གྲས་ནས་སྔུན་ལ་བུད་ཡོད་པ་རེད།

སྐབས་གསར་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་སྲིད་གྲོས་ཀྱི་འདུ་ཤེས་ཆགས་ཚུལ་ལས་དོན་དང་དྲིལ་སྒྲོག་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་ཡོད་པ་རེད། ད་ལོའི་ཟླ3པར་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ་སྲིད་གྲོས་ཀྱི་འདུ་ཤེས་ཆགས་ཚུལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བརྒྱབ་ཅིང་། ད་ལོའི་ནང་ཞིབ་འཇུག་བྱས་ནས《 སྲིད་གྲོས་ཀྱི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》 གཏན་འབེབས་བྱ་རྒྱུ་ཐག་བཅད་དེ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་སྡེ་ཚན་གྱི་དྲིལ་སྒྲོག་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ལྷན་གྱི་ལོ་ཧྲིལ་པོའི་ལས་ཀའི་གཙོ་གནད་ཀྱི་གྲས་སུ་བཞག ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་དང་། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྙན་ཞུ་ལ་ཐེངས་དུ་མར་ཉན་རྗེས་ལས་ཀར་བླང་བྱ་བཏོན། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་ཚོགས་པའི་སྣེ་ཁྲིད་དེ་མཚོ་ནུབ་ཁུལ་དང་མཚོ་ཤར་གྲོང་ཁྱེར་གྱི་སྲིད་གྲོས་དང་རྫོང་རིམ་པའི་སྲིད་གྲོས་ཁག་ཏུ་བསྐྱོད་དེ། སྲིད་གྲོས་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བ་བརྗོད་གཞིར་བཟུང་སྟེ་ས་གནས་ཀྱི་ཏང་ཨུའི་དྲིལ་སྒྲོག་སྡེ་ཚན་དང་། གསར་འགྱུར་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། རིམ་གཉིས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཁོངས་གཏོགས་ཀྱི་ལས་བྱེད་དང་བཞུགས་མོལ་བརྗེ་རེས་བྱས་ནས་ཚང་མའི་བསམ་འཆར་དང་བསམ་ཚུལ་བསྡུ་ལེན་བྱས། དེ་དང་མཉམ་དུ་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་གཞོན་པ་རྣམས་ཀྱི་སྣེ་འཁྲིད་དེ་ཟི་ལིང་དང་། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། རྨ་ལྷོ་ཁུལ། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་སྲིད་གྲོས་བྱ་བར་རྟོག་ཞིབ་བྱས་ཏེ་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་ལ་འཚོགས་མཐར། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་དྲིལ་སྒྲོག་ལས་ཀའི་གནས་ཚུལ་ལ་ཅུང་ཆ་ཚང་བ་ཞིག་ཁོང་དུ་ཆུད་ཐུབ་པ་བྱུང་བ་ལ《ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་དྲིལ་སྒྲོག་བྱ་བར་རྟོག་ཞིབ་བྱས་པའི་སྙན་ཞུ》བྲིས་ནས 《 སྲིད་གྲོས་ཀྱི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་ནས་བསམ་འཆར་ཞེས་བསྡུ་རྒྱུ) གཏན་འབེབས་ལ་རྨང་གཞི་བརྟན་པོ་བཏིངས།

《བསམ་འཆར》གྱི་མ་ཡིག་གྲུབ་རྗེས་སྔ་གཞུག་ཏུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཆེད་དོན་ཨུ་ལྷན་ཁག དམངས་གཙོའི་ཤོག་ཁག་སོ་སོའི་ཞིང་ཆེན་ཏང་ཨུ་དང་། གྲོང་ཁྱེར(ཁུལ)བཅས་སྲིད་གྲོས་ཀྱི་བསམ་འཆར་དང་བསམ་ཚུལ་དང་། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིང་གི་གསར་འགྱུར་ཅུས་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་བསམ་འཆར་སོགས་བསྡུ་ལེན་བྱས། 《བསམ་འཆར》གྱིས་དུས་རབས་གསར་པའི་གནས་སྟངས་འོག་སྲིད་གྲོས་ཀྱི་དྲིལ་སྒྲོག་བྱ་བའི་གལ་ཆེ་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངེས་ཟིན་གང་ལེགས་ཐོབ་དགོས་པ་དང་། མཚོ་སྔོན་གྱི་སྲིད་གྲོས་དྲིལ་སྒྲོག་ལས་ཀའི་བསམ་བློའི་སློབ་སྟོན་དང་འོས་འགན་གཙོ་བོ་ལ་ངོས་ཟིན་ཡང་དག་བྱེད་དགོས་པ། སྲིད་གྲོས་ཀྱི་དྲིལ་སྒྲོག་བྱ་བར་ནང་རྐྱེན་ལམ་ལུགས་འཐུས་ཚང་གཟུག་དགོས་པ། ཏང་གིས་སྲིད་གྲོས་དྲིལ་སྒྲོག་བྱ་བར་སྣེ་འཁྲིད་པ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཁག་བཞིར་བགོས་ནས་ཕྱོགས་བཞིའི་ཆ་ནས་འབྱུང་འགྱུར་གྱི་ལོ་དུ་མའི་སྲིད་གྲོས་ཀྱི་དྲིལ་སྒྲོག་ལས་ཀའི་བསམ་བློ་དང་། འོས་འགན་གཙོ་བོ། བྱེད་ཐབས་ཞིབ་ཕྲ་སོགས་བཏོན་ཡོད་པ་རེད།

《བསམ་འཆར》ནང་དུ། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྲིད་གཞུང་གི་ཏང་ཙུའུ་ཡིས་དྲིལ་སྒྲོག་ལས་ཀའི་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། དྲིལ་སྒྲོག་ཆེན་མོ་ཡི་རྣམ་པ་ཆགས་པར་སྐུལ་སྤེལ་བྱས་ནས་སྲིད་གྲོས་ཀྱི་དྲིལ་སྒྲོག་དེ་ཏང་ཨུའི་དྲིལ་སྒྲོག་གི་ལས་ཀ་སྤྱིའི་བཀོད་སྒྲིག་ནང་དང་། སྲིད་གྲོས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་ནང་། སྲིད་གྲོས་ཀྱི་འགན་སྒྲུབ་གལ་ཆེན་ནང་། གསར་འགྱུར་སྨྱན་བྱེད་གཙོ་བོའི་དྲིལ་སྒྲོག་གལ་ཆེན་ནང་བཅས་སུ་འཇུག་དགོས་པ་མ་ཟད། སྲིད་གྲོས་ཀྱི་ལས་ཀ་དང་མཉམ་དུ་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་ཕྱོད་ནང་བླངས་ནས་ཏང་ཙུའུ་ནས་ལོ་རེར་མ་མཐའ་ཡང་སྲིད་གྲོས་དྲིལ་སྒྲོག་བྱ་བའི་སྙན་ཞུ་ལ་ཐེངས་གཅིག་ཉན་དགོས་པ་དང་། ལོ་རེའི་ནང་དྲིལ་སྒྲོག་གནས་ཚུལ་ཡོངས་བསྒྲགས་བྱེད་པ། ལས་ཀའི་བསམ་ཕྱོགས་གསར་དུ་གཏོད་དེ། དྲང་ཕྱོགས་ནས་དྲིལ་སྒྲོག་བྱེད་པ་དང་། དྲིལ་སྒྲོག་གི་ནང་དོན་ཕུན་སུམ་ཚོགས་པ། དྲིལ་སྒྲོག་གི་སྙིང་བོ་སྔོག་འདོན། དྲིལ་སྒྲོག་གི་སྡིངས་ཆ་བསྐྲུན་པ། དྲིལ་སྒྲོག་བྱེད་ཐབས་གསར་གཏོད་བཅས་ཕྱོགས་ལ་ཤུགས་བསྣན་ནས་སྲིད་གྲོས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པའི་ལམ་ནས་སྲིད་གྲོས་ཀྱི་སེམས་འདུན་ཅི་རིགས་མངོན་པར་བསྟན་ནས་སྲིད་གྲོས་ཀྱི་རིན་ཐང་བརྒྱུད་སྒྲོག་བཅས་མཚོ་སྔོན་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་སྤེལ་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པར་སྐུལ་སྤེལ་བྱེད་དགོས་པའི་བླང་བྱ་བཏོན། གསར་འགྱུར་དྲིལ་སྒྲོག་ཕྱོགས་ལ《བསམ་འཆར》ནང་། དམངས་གཙོའི་གྲོས་མཐུན་དྲིལ་སྒྲོག་དང་། ངོས་འཛིན་གཅིག་བསྡུས་ཀྱི་དམིགས་འབེན་དང་རྣམ་པ་གཟེངས་སུ་བཏོད་དེ། སྲིད་གྲོས་ཀྱི་ལས་ཀའི་འགན་སྒྲུབ་ཀྱིས་ལས་ཀའི་སྙིང་བོར་ཞབས་ཞུ་བསྒྲུབས་ནས་སེམས་ཤུགས་གཅིག་བསྡུས་ལ་ནུས་པ་ཐོན་ཡོད་ཚུལ་དང་། སྲིད་གྲོས་ཨུ་ཡོན་གྱིས་ལས་འགན་སྒྲུབ་པའི་གོ་རིམ་ནང་དུ་རང་གཅུན་ལུགས་གསོ་དང་། སྲིད་དོན་སྐྱོང་བ་ལ་ཐབས་འདོན་ཇུས་འདོན་བྱེད་རོགས་བྱས་པའི་གནས་ཚུལ་བསྒྲགས་དགོས། སྲིད་གྲོས་དང་ཏང་ཨུའི་དྲིལ་སྒྲོག་སྡེ་ཚན་དང་གསར་འགྱུར་སྨྱན་བྱེད་གསུམ་སྦྲེལ་གྱི་ནང་རྐྱེན་ལམ་ལུགས་འཐུས་ཚང་དང་། སྲིད་གྲོས་དྲིལ་སྒྲོག་སྡེ་ཚན་གྱི་མཐུན་སྦྱོར་ཞབས་ཞུའི་ནང་རྐྱེན་ལམ་ལུགས། སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྒྱུ་ཆ་དང་ཆ་འཕྲིན་འདོན་སྤྲོད་ཀྱི་ནང་རྐྱེན་ལམ་ལུགས། སྲིད་གྲོས་ཨུ་ཡོན་དྲིལ་སྒྲོག་གི་ནང་རྐྱེན་ལམ་ལུགས་ནང་ཞུགས་པར་སྣེ་འཁྲིད་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།