བོད་རིགས་བུད་མེད་ཅིག་ཟླ11པའི་ཀྲུང་གོའི་དཔེ་བཟང་མི་སྣར་བདམས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ11པའི་ཚེས29ཉིན། ཀྲུང་དབྱང་བསམ་པའི་དཔལ་ཡོན་དར་སྤེལ་མཛུབ་སྟོན་ཨུ་ལྷན་གཞུང་སྒྲུབ་ཁང་གིས་ཉིང་ཞ་ཧའེ་རིགས་རང་སྐྱོང་ཁུལ་ཀྲུང་ཝའེ་གྲོང་ཁྱེར་ནས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་མི་བཟང་པོ་ཡི་བརྗེ་རེས་བྱ་འགུལ་ཞིག་སྤེལ་བ་དང་ཆབས་ཅིག ཟླ11པའི་ཀྲུང་གོའི་དཔེ་བཟང་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། དཔེ་བཟང་མི་སྣ་དེ་དག་ནི་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱིས་བསྔགས་བརྗོད་དང་དཔྱད་མོལ་བརྒྱུད་ནས་བདམས་ཐོན་བྱུང་བ་ཡིན་ལ། བསྡོམས་པའི་དཔེ་བཟང་མི་སྣ104ཡོད་ཅིང་། དེའི་ནང་དུ་རང་ཞིང་གི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་བོད་རིགས་བུད་མེད་ཆོས་ཁོ་དཔེ་བཟང་མི་སྣའི་མིང་ཐོའི་ཁྲོད་ཚུད་ཡོད་པ་རེད། 2012ལོ་ནས་བཟུང་། ཁོ་མོས་སྔ་གཞུག་ཏུ་བྱིས་པ7གཉོར་སྐྱོང་བྱས་ཤིང་། བྱིས་པ3ལ་ལྟ་སྐྱོང་བྱས་མྱོང་།

2014ལོའི་ལོ་སར་སྐབས་སུ། ཆོས་ཁོ་བཟའ་མི་གང་བོ་ཕྱིར་ཕ་ཡུལ་ལ་ལོ་སར་རོལ་དུ་འགྲོ་བའི་ལམ་བར་དུ་གྲོང་ཚོར་བརྒྱུད་ནས་ཆས་སྐབས། བྱིས་པ་ཞིག་རྐང་རྗེན་དུ་རྩེད་མོ་རྩེ་བཞིན་འདུག ཉིན་དེར་གནམ་གཤིས་ཧ་ཅང་འཁྱགས་མོད། བྱིས་པས་ལྭ་བ་སྲབ་པོ་ཞིག་མ་གཏོགས་གྱོན་མེད་པས་གྲང་འདར་རྒྱག་བཞིན་འདུག ཆོས་ཁོས་དེ་མཐོང་འཕྲལ་བྱིས་པའི་ཁྱིམ་དུ་བསྐྱལ་སྐབས་ཁྱིམ་ན་མི་གཅིག་ཀྱང་མི་འདུག ཁོ་མོས་དེ་མུར་ཁྱིམ་མཚེས་ཕྱོགས་ཡར་མར་ལ་རྩད་གཅོད་བྱས་པ་ན། བྱིས་པ་དེའི་ཕ་མ་གཉིས་གཉེན་འཐོར་བྱས་པ་ད་གཟོད་ཤེས། བྱིས་པ་དེས་ཉིན་གསུམ་ལ་ཟ་མ་ཟོས་མེད་པ་རེད། བྱིས་པས་བཤད་རྒྱུར། ཁོས་རང་གི་ཕ་མ་གཉིས་གང་ལ་བུད་སོང་བ་ཡང་མི་ཤེས་ཟེར། ལོ་སར་རྗེས་སུ། ཆོས་ཁོ་དང་ཁྱོ་ག་གཉིས་ཀྱིས་བྱིས་པ་དེ་རྫོང་ཐོག་ཏུ་ཡོད་པའི་ཁྱིམ་དུ་ཁྲིད་ཡོང་ནས་གཉོར་སྐྱོང་བྱས། བྱིས་པ་དེའི་མིང་ལ་ཚེ་བརྟན་བཀྲ་ཤིས་ཟེར།

བསྟན་འཛིན་འཇིགས་མེད་ནི་ཆོས་ཁོས2015ལོར་གཉོར་སྐྱོང་བྱས་པའི་བྱིས་པ་ཡིན། ཁོའི་ཕ་མ་ཡང་གཉེན་འཐོར་བྱས་ཟིན། ལོ་ན་རྒན་པའི་ཨ་མྱེས་གཅིག་པས་བྱིས་པའི་ཟ་འཐུང་ལ་བདག་སྐྱོང་བྱེད་དཀའ་བས། ཁོ་མོས་རང་འགུལ་གྱིས་བསྟན་འཛིན་འཇིགས་མེད་རང་གི་གམ་དུ་བླངས་ནས་བདག་སྐྱོང་བྱས་པ་རེད། དེའི་རྗེས་སུ། ཁོ་མོས་གྲང་ངར་ལ་མི་འཛེམ་པར་དུས་ལྟར་བྱིས་པ་སློབ་གྲྭ་ནས་སྐྱེལ་ལེན་དང་བྱིས་པའི་ལས་བྱར་ལྟ་སྐུལ་བྱས་པ་རེད།

ཁོ་མོས་བཤད་རྒྱུར། “ སྙིང་རྗེ་ནི་རླབས་ཆེན་ཞིག་ཡིན། བྱིས་པ་འདི་དག་གི་ཁྲོད་དུ་ལ་ལར་ཕ་མ་གཉིས་ཀ་མེད་ལ། ལ་ལར་ཁྱིམ་ཚང་གི་རྐྱེན་ངན་གོད་ཆག་དབང་གིས་རྒྱུན་ལྡན་གྱི་འཚོ་བ་རོལ་ཐུབ་ཀྱིན་མེད་པས། དེ་ལ་སྤྱི་ཚོགས་ཀྱི་རོགས་རམ་ཧ་ཅང་མཁོ་བསམ་ནས་རང་གི་ནུས་ཚོད་ཀྱིས་བྱིས་པ་དེ་དག་འཚར་ལོངས་ཡག་པོ་ཞིག་འབྱུང་བར་རང་ནུས་ཅི་ལྕོག་གིས་རོགས་རམ་བྱས་པ་ཡིན་ཟེར།”

ལོ་ཙཱ་བ། ལྷ་ཆེན་རྒྱལ།