ལིག་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་པར་ཕྱིར་མིག་བལྟས་པའི་གནས་ཚུལ་སྙན་ཞུར་ཉན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཐེངས་ལྔ་བའི་བསམ་འཆར་ལེགས་སྒྲིག་བྱས་པ་དང་། ཞང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ། གཞི་གཅིག་ཅན་གྱི་ལས་གནས་སྟེང་གི་སྲིད་དོན་ཞབས་ཞུའི་སྟེགས་བུ་བསྐྲུན་པ་སོགས་ཀྱི་ལས་རིམ་ལ་ཞིབ་འཇུག་བྱས་ཏེ། གསར་དུ་བསྐོ་འཇོག་བྱས་པའི་སྲིད་གཞུང་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོར་བླང་བྱ་བཏོན།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཡོངས་ལ་ཐུགས་ཁུར་ཟབ་བཞེས་གནང་གིན་ཡོད་ཅིང་། དེ་བསྟུན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་རབས་དང་རིམ་པ་བཏོན་ནས། ང་ཚོས་མཚོ་སྔོན་གྱི་ལས་དོན་བཟང་བོར་བསྒྲུབ་པ་ལ་གཞི་རྩའི་ཆོས་ཉིད་དང་ཚན་རིག་གི་ཁ་ཕྱོགས་གསལ་སྟོན་བྱས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་དག་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་། ཆད་ལྷག་སྤུ་ཙམ་ཡང་མེད་པའི་སྒོ་ནས་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས་ལ། སེམས་གཅིག་དམིགས་གཅིག་གིས་འཕེལ་རྒྱས་ལ་འཆར་འགོད་བཟོས་ཏེ། མཚོ་སྔོན་གྱི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་དགོས། དངོས་འབེབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཕྱིར་རྟོག་བྱ་རྒྱུ་ནི། བསྐྱར་དུ་སློབ་སྦྱོང་བྱེད་པ་དང་ཐུན་མོང་ལ་ཞིབ་བཤེར་བྱེད་ཐེངས་ཤིག་ཀྱང་ཡིན། ས་གནས་དང་སྡེ་ཁག་སོ་སོས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པ་གཉིས་ཀྱི་མཐོ་ཚད་ནས་འགྲེང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཟོས་པའི་དངོས་འབེབས་བསམ་འཆར་དང་འོས་འགན་ཁག་བགོས་དམིགས་ཚད་དུ་བཟུང་ནས། བསྒྲུབས་ཟིན་པའི་བྱ་བར་ཕྱིར་རྟོག་དང་སྔར་ལས་ལྷག་པའི་སྒོ་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཐེངས་ལྔ་བའི་གནད་དོན་དང་བསམ་འཆར་ལེགས་སྒྲིག་བྱ་བ་དམ་པོར་བཟུང་ནས། ལེགས་སྒྲིག་གི་ཕན་འབྲས་ཆེར་བསྐྱེད་པ་དང་། བྱ་བའི་ཞན་ཆ་དུས་ལྟར་ཁ་གསབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་རྩ་བ་ཚུགས་ཏེ་འབྲས་བུ་སྨིན་པར་འགན་ལེན་ཁག་ཐེག་བྱ་དགོས་ཟེར།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། སྲིད་གཞུང་སྡེ་ཁག་གི་གསར་དུ་བསྐོ་འཇོག་བྱས་པའི་འགན་ཁུར་མི་སྣས་ཆབ་སྲིད་བརྩི་བ་དང་སློབ་སྦྱོང་འཛིན་པ། སྤྱོད་ལམ་ཚུལ་བཞིན་བསྒྱུར་བ། ལག་བསྟར་ནན་མོ་བྱེད་པ། མཐུན་སྒྲིལ་གཙིགས་ཆེན་དུ་འཛིན་པ། དཔེ་སྟོན་གྱི་ནུས་པ་འདོན་པ། ལས་ཁུངས་དང་སྡེ་ཁག་སོ་སོའི་ལེགས་སྒྲིག་སོགས་ཀྱི་བྱ་བ་དམ་པོར་བཟུང་ནས། ལས་རིམ་ཁག་སོ་སོའི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་བར་འབད་འབུངས་ལྷོད་མེད་བྱས་མཐར། རྩ་འཛུགས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཟེར། གྲོས་ཚོགས་ལས་ད་དུང་འབག་བཙོག་འགོག་བཅོས་མཁྲེགས་གཏོར་སོགས་ཀྱི་ལས་རིམ་ལ་ཞིབ་འཇུག་བྱས།