ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། དངོས་འབེབས་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་ལས་གཞན། མཚོ་སྔོན་གྱི་བྱ་བ་དང་འབྲེལ་བའི་སྙན་ཞུ་སྐོར་ཞིག་ལ་ཉན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་མིང་གྲགས་ཐོན་རྫས་ཀྱི་རིགས་དང་ཁྱད་ལྡན་ཐོན་ཁུངས་ལ་ཁ་གཡར་ནས་སྒེར་དོན་བརྩོན་ལེན་བྱེད་པའི་གནད་དོན་ལ་ལེགས་སྒྲིག་ནན་མོ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་ཞེས་པ་ནི། ལས་བྱེད་པའི་སྤྱོད་གཙང་རང་སྲུང་གི་མ་མཐའི་བླང་བྱ་ཡིན་ལ། ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སེམས་ཁུར་དང་བྱམས་སྐྱོང་གནང་བ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བརྡ་ཐོའི་བླང་བྱ་གཞིར་བཟུང་ནས། ཆབ་སྲིད་བརྩི་བ་དང་སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་འཛུགས་པ། ལམ་ལུགས་འཐུས་ཚང་དུ་གཏོང་བ། རྩ་ལག་མཉམ་བཅོས་བྱེད་པ། དྲིལ་སྒྲོག་ལ་ཤུགས་སྣོན་པ། དར་སྲོལ་ལ་སྣེ་འདོམས་བྱེད་པ་བཅས་ལ་འབད་མཐར། ལེགས་སྒྲིག་བྱ་བར་དངོས་ཡོད་ཀྱི་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་བླ་མེད་གནང་ནས། སྐུ་དངོས་ཀྱིས་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་ཟབ་བཞེས་གནང་བར་མ་ཟད། དེ་འབྲེལ་གྱི་གསུངས་བཤད་ཐེངས་དུ་མར་གནང་བ་ལས་གཞན། དེ་བསྟུན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཀྱང་གནང་བར་བརྟེན། མཚོ་སྔོན་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་ཆོས་ཉིད་འདོན་སྤྲོད་བྱས། ཆབ་སྲིད་དང་བསམ་བློ ལག་ལེན་བཅས་ཀྱི་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཤིང་། མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་པ་གཉིས་ཀྱི་མཐོ་ཚད་ནས་འགྲེང་སྟེ་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས། དྲིན་གཟོའི་བསམ་པ་བཅངས་ནས་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས། རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ལེགས་སྒྲིག་ལས་དོན་དང་གཞི་གཅིག་ཏུ་སྦྲེལ་ནས་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས། རྒྱུན་ལས་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་དཔེ་སྟོན་གྱི་ནུས་པ་འདོན་དགོས་ལ། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གིས་འགན་གཙང་ལེན་བྱ་དགོས། སྲིད་ཇུས་ཀྱི་བྱེད་ཐབས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལས་གནས་སྟེང་གི་ལྟ་སྐུལ་བྱ་བ་གཏིང་ཟབ་དུ་སྤེལ་མཐར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་རྩ་བ་ཚུགས་ཏེ་འབྲས་བུ་སྨིན་པར་འགན་ལེན་ཁག་ཐེག་བྱ་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་ཆེན་པོ་ཞིག་ཀྱང་ཡིན། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དུ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཕན་འབྲས་འབུར་དུ་ཐོན་པར་སྣེ་འདོམས་བྱེད་པ། ལས་དོན་ཡོད་ཚད་གོ་རིམ་ལྡན་ལ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་བ། མིག་སྔའི་ལས་དོན་དམ་པོར་འཛིན་པ། མཁའ་དབུགས་ལེགས་པོ་བསྐྲུན་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མས་རང་ཉིད་ཀྱི་ལག་ལེན་དངོས་ལ་བརྟེན་ནས་མཚོ་སྔོན་གྱི་བཅོས་སྒྱུར་སྒོ་འབྱེད་བྱ་བ་མཐའ་འཁྱོལ་བར་སྤེལ་བ་ལ་སྐུལ་སློང་དང་སྐུལ་ལྕག་གནང་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམིགས་བྱ་བཞི་སྤེལ་བའི་བྱ་འགུལ་དམ་པོར་འཛིན་རྒྱུ་ནི། བྱ་བ་ཡར་ལྡན་དུ་སྤེལ་བའི་འདེགས་སྐྱོར་དང་འཛིན་ཐག་གལ་ཆེན་ཡིན། ལྟ་ཞིབ་གནས་ཚུལ་ལ་གཞིགས་ནས་བལྟས་ན། མིས་ཧུར་བརྩོན་དང་ལས་དོན་དངོས་འབེབས་མཐར་ཕྱིན་བྱས་པ་ཡིན་ན། ཞིང་ཆེན་ཡོངས་ཀྱི་ལས་རིག་ཁག་སོ་སོའི་བྱ་བར་འཕེལ་རྒྱས་མངོན་གསལ་འབྱུང་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་གྲོས་ཚོགས་ཐེངས་བཅུ་བའི་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེ་བའི་ལས་བྱེད་པའི་དུས་རབས་གསར་བ་དང་ཁག་ཁུར་གསར་བ། བྱེད་ཕྱོགས་གསར་བ་བཅས་ལ་སྐུལ་ལྕག་བཏང་ནས། འགོ་ཁྲིད་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་དང་དམངས་གཉེར་ཁེ་ལས། ཚོང་འགུགས་དངུལ་འདྲེན། ལས་གཞི་གཙོ་བོ་སོགས་ཀྱི་བྱ་བར་འབྲེལ་གཏུག་བྱས་ཚད་ལ་ཤུགས་སྣོན་དགོས། འོས་འགན་དངོས་འབེབས་དམ་པོར་འཛིན་པ་དང་སྤྱོད་ལམ་བཟང་བོ་དར་སྤེལ་གཏོང་བ། ཡུན་རིང་ལ་ཕན་པའི་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་འཛུགས་པ་བཅས་ལ་འབད་མཐར། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱ་དགོས་ཟེར།

གྲོས་ཚོགས་ལས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏོད་རྒྱུ་དང་། ཉིས་སྟོང་བཅུ་དགུ་ལོའི་ལུགས་གསར་ལུགས་རྙིང་གཉིས་ཀྱི་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་ལ་འཚོ་བའི་ཁ་གསབ་སྡེབ་གཅིག་ཏུ་སྟེར་རྒྱུ་ཡིན་པར་མ་ཟད། འོས་བསྟུན་ནས་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་ཇེ་མཐོར་གཏོད་རྒྱུར་མོས་མཐུན་བྱུང་།

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས། །