མགོ་ལོག་ཁུལ་གྱིས་བཅོས་བསྒྱུར་གཏིང་ཟབ་སྤེལ་ཏེ་ཚོང་གཉེར་ཁོར་ཡུག་ལེགས་པོ་བསྐྲུན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུད་མཐུད་ངང་ཚོང་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ ཏུ་སྤེལ་བ་དང་། ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ལེགས་སྒོས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱས་པ་རེད།

མགོ་ལོག་ཁུལ་གྱིས་ནན་ཏན་སྒོས“ཞིབ་དཔྱོད་དང་གཏན་འབེབ་གཅིག་གྱུར”གྱི་ལམ་ལུགས་སྟབས་བདེའི་ངང་སྤེལ་ཆེད། ཐོ་འགོད་ཀྱི་ཉིན་གྲངས་སྔོན་གྱི་ཉིན5ལས་ཉིན3ལ་གཏན་ཁེལ་བྱས་པ་དང་། དེ་དང་ཆབ་གཅིག་ཏུ། གོམ་གང་མདུན་སྤོས་སྒོས་ཁེ་ལས་ཆུང་བའི་འཕེལ་རྒྱས་ལ་རོགས་འདེགས་ཀྱི་ལམ་ལུགས་ལག་བསྟར་བྱ་ཆེད། མི་སྒེར་གྱི་ཚོང་དོན་རྣམ་པ་ཁེ་ལས་སུ་བསྒྱུར་བར་སྣེ་ཁྲིད་བྱས་པ་དང་། ལྗང་མདོག་ཞབས་ཞུའི་རྣམ་པ་གསར་སྐྲུན་བྱས་ཏེ། ལས་ཤོར་མི་སྣ་དང་སློབ་ཆེན་སློབ་མའི་ཁེ་ལས་ཆུང་བ་གསར་སྤེལ་བྱེད་པར་སྟབས་བདེའི་ཁོར་ཡུག་བསྐྲུན་པ། ཁེ་ལས་ཀྱི་ཆ་འཕྲིན་སྤྱི་གདམ་འཐེན་ཞིབ་བཤེར་བྱ་བའི་ཇུས་གཞི་གཏན་ཁེལ་བྱས་ཏེ་བསྒྲགས་པ་དང་། ཁེ་ལས་དང་ལག་བསྟར་མི་སྣའི་མིང་མཛོད་གསར་དུ་སྒྲིག་པ། རྒྱུན་མ་ཆད་པར་ཁེ་ལས་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བྱས་པ་རེད།

དེ་དང་ཆབ་གཅིག་ཏུ། མགོ་ལོག་ཁུལ་གྱིས་རྒྱུན་མ་ཆད་པར་དྲ་ལམ་ཆ་འཕྲིན་འཛུགས་སྐྲུན་ཐད་ཤུགས་བསྣན་པ་དང་། ཧུར་ཐག་གིས་ཐོ་འགོད་མི་སྣ་ཞིང་ཆེན་ཡོངས་ཀྱི་བཟོ་ཚོང་དང་ཚོང་རའི་ལྟ་སྐུལ་གྱི་ཟབ་སྦྱོང་ལ་ཞུགས་པ་དང་། བཅའ་ཁྲིམས་ཀྱི་འདུ་ཤེས་དང་སྲིད་ཇུས་བྱེད་ཐབས་ཀྱི་ལག་བསྟར་ནུས་པ་སོགས་མཐོར་འདེགས་སུ་གཏོང་བ། རྒྱུན་མ་ཆད་པར་གནས་ཚུལ་འདྲི་རྟོག་ཞབས་ཞུའི་ཆུ་ཚད་མཐོར་འཏེགས་གཏོང་བ། དུས་ལྟར་དུ་མི་དམངས་ལ་སྲིད་ཇུས་དང་བཅའ་ཁྲིམས་བློ་འདོན་བྱེད་པ་བཅས་ཀྱི་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་བ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།