འབྲི་ཆུའི་འགོ་ཁུངས་སུ་སྣོད་བཅུད་སྲུང་སྐྱོབ་ཀྱི་ས་བོན་གཏོར་བ།


རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་མངའ་ཁོངས་ཀྱི་ན་གཞོན་སྣོད་བཅུད་ཀུན་སྤྱོད་སློབ་གསོ་རྟེན་གཞི།

བྱིས་པ་ཚོས་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཀློག་འདོན་བྱེད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྐྱིད་དགའ་སློབ་ཆུང་ལ་གསལ་ཡངས་ཀྱི་སློབ་ཁང་དང་། གཙང་ཞིང་གྲལ་དག་པའི་ཉལ་ཁང་། གསོལ་ཁང་དང་གསར་དུ་བཏིངས་པའི་འགྱིག་བཟོས་རྒྱུག་ལམ་སོགས་ཡོད། གསར་འགོད་པ་སློབ་རར་སླེབས་མ་ཐག་མིག་མདུན་དུ། སློབ་ཁང་གི་སྒོ་མདུན་དུ་བཀལ་བའི་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ཁུལ་ན་གཞོན་སྣོད་བཅུད་ཀུན་སྤྱོད་སློབ་གསོ་རྟེན་གཞི་ཞེས་པའི་སྒོ་བྱང་ལྷང་ངེར་གསལ་ཡོང་བ་དང་། སློབ་ཁང་གི་ལྡེབས་ངོས་སུ་ཁ་དོག་ལྗང་སྐྱའི་ཚོན་བྱུག་ཡོད་པས་མཐོང་བ་ཙམ་གྱིས་གཙང་ཞིང་གསལ་ལ་རང་བྱུང་གི་ཚོར་བ་ཞིག་ངང་གིས་སྟེར་ཡོང་། གསར་འགོད་པས་དེ་ལྟ་བུའི་སློབ་ཁང་ནས་སློབ་མ་རྣམས་དང་མཉམ་དུ་ཁོར་སྲུང་གི་སློབ་ཁྲིད་ཅིག་ལ་རོལ་མྱོང་བྱས་པ་ཡིན།

ཁོར་སྲུང་སློབ་ཁྲིད་ཀྱི་དགེ་རྒན་ནོར་བུ་འགྱུར་མེད་ཀྱིས་ལོ་རིམ་གསུམ་པའི་སློབ་མ་རྣམས་ལ་སློབ་ཁྲིད་བྱེད་སྒང་རེད། ཁོར་སྲུང་སློབ་ཁྲིད་འདི་ལོ་རིམ་གསུམ་པ་ནསའགོ་བརྩམས་ནས་ལོ་རིམ་དྲུག་པའི་བར་ཁྲིད་ཀྱིན་ཡོད་ལ། གཟའ་རེར་སློབ་ཐུན་གཅིག་རེ་ཆག་མེད་ཡིན་ཞེས་རྒན་ནོར་བུ་འགྱུར་མེད་ལགས་ཀྱིས་དེ་སྐད་ངོ་སྤྲོད་བྱས་བྱུང་།

རྒན་ནོར་བུ་འགྱུར་མེད་ལགས་ཀྱིས་དེ་རིང་ཁྲིད་བྱའི་སློབ་ཚན་གྱི་ཁ་བྱང་ལ་མཐོ་སྒང་གི་རྣམ་ཤེས་གཙོད་ཅེས་པ་ཡིན། དེ་ལ་མཐོ་སྒང་གི་རྣམ་ཤེས་ཟེར་དོན་ནི་ཐོག་མར་རི་དྭགས་གཙོད་བརྒྱུད་ནས་བྱིས་པ་རྣམས་ལ་འབྲི་སྟོད་ས་ཆ་དང་དེའི་སྣོད་བཅུད་ཁོར་ཡུག་ངོ་སྤྲོད་ཡག་པོ་བྱས་ནས་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ཆེད་ཡིན་ཞེས་བརྗོད་ཞོར་ཏུ་ལག་ཏུ་ཡོད་པའི་གཙོད་ཀྱི་འདྲ་པར་དེ་སློབ་མ་རྣམས་ལ་བསྟན་བྱུང་།

སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ནི་སྣོད་བཅུད་དཔལ་ཡོན་གྱི་སློབ་གསོ་ལ་བརྟེན་དགོས་པ་བཞིན་དུ་སློབ་གསོ་དེ་ཐོབ་མཁན་སློབ་མ་རང་ཡིན། 2016ལོའི་ཟླ3པར། ཁོར་ཡུག་སྲུང་སྐྱོང་གི་བསླབ་གཞི་དེ་སློབ་ཆུང་གི་སློབ་ཁྲིད་ཁྲོད་བླངས་ནས་སློབ་མ་རྣམས་ལ་འཐོབ་བྱའི་ཤེས་བྱ་མང་པོ་ཞིག་ངེས་སུ་བཅུག་ཡོད་པ་རེད།

རྒན་ནོར་བུ་འགྱུར་མེད་ལགས་ཀྱིས། ཁོར་སྲུང་སློབ་ཁྲིད་ཚུགས་ནས་ད་བར་དུ་དེའི་སྐོར་གྱི་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས་ནས་སློབ་མ་རྣམས་ལ་བཀོལ་སྤྱོད་བྱེད་དུ་བཅུག་པ་ཡིན། དེའི་ནང་རི་ཆུའི་རིག་གནས་དང་། འབྲི་ཆུའི་འབྱུང་ཁུངས་ཀྱི་རིག་གནས། སྲོག་ཆགས་དང་སྐྱེ་དངོས་ལ་སོགས་མང་པོ་འདུས་ཞེས་མཚམས་སྦྱོར་བྱས་བྱུང་།

ང་རང་ཡིན་པ་ཟོ་རྐྱང་ཞང་སྟེ་བསོད་ནམས་དར་རྒྱས་ལགས་ཀྱི་ཕ་ཡུལ་ནས་ཡིན། ཁོང་གིས་ད་གཟོད་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་འདི་སྐུལ་སྤེལ་བྱས་པ་ཡིན་སྙམ། ད་ཆ་ང་རང་ལས་ཀ་འདིར་ཞུགས་ནས་བྱིས་པ་རྣམས་དང་མཉམ་དུ་ཁོར་ཡུག་ལ་ཤེས་རྟོགས་དང་། དེ་ལ་སྲུང་སྐྱོང་བྱེད་པ་ནི་ང་ལ་མཚོན་ན་དགའ་ཞེན་ཞིག་དང་ཡང་ན་འགན་འཁྲི་ཞིག་རེད་བསམ་ཡོད་ཟེར།

འཛིན་གྲྭ་དེའི་སློབ་མ་ཚེ་རིང་ལྷ་མོས་འདི་སྐད། ང་ཚོ་ཚང་མ་སྣོད་བཅུད་ཁོར་ཡུག་གི་སློབ་ཐུན་ལ་ཧ་ཅང་དགའ་པོ་ཡོད། ངས་ད་ལྟ་འབྲི་ཆུའི་འགོ་ཁུངས་ནི་རང་གི་ཕ་ཡུལ་ཡིན་པ་དང་། སྲོག་ཆགས་གང་གང་ལ་སྲུང་སྐྱོང་བྱེད་དགོས་པ་ཤེས་ཀྱིན་ཡོད། དབྱར་ཁར་དགེ་རྒན་གྱིས་ང་ཚོ་ཕྱིར་ཁྲིད་དེ་རྩི་ཤིང་སྣ་ཚོགས་ལ་ཞིབ་ལྟ་བྱེད་དུ་བཅུག་རྗེས་རེ་རེ་རི་མོར་འགོད་དུ་འཇུག་པ་ཡིན་ཟེར།

སློབ་མ་རྣམས་ཀྱིས་བྲིས་པའི་རི་མོ།

ཤེས་གསལ་ལྟར་ན། ཁོར་སྲུང་གི་སློབ་ཁྲིད་འགོ་ཚུགས་ནས་བཟུང་། སློབ་གྲྭ་ཡོངས་ཀྱི་སློབ་མ་ཡི80%ཡིས་རྫོང་དེ་མཐའ་འཁོར་དང་རང་ཁྱིམ་གྱི་རྩྭ་སའི་ཉེ་འཁོར་དུ་ཡོད་པའི་རི་ཆུ་ས་མིང་ངོས་ཟིན་ཐུབ་པ་མ་ཟད། བསླབ་པའི་ཤེས་བྱ་དེ་དག་ཁྱིམ་མི་ལ་བརྗོད་དེ་གམ་གྱི་མི་རྣམས་ཁོར་སྲུང་གི་ལས་ལ་སྐུལ་ཐུབ་ཀྱི་ཡོད་པ་རེད།

སློབ་ཁྲིད་སྐབས་ལ། རྒན་ནོར་བུ་འགྱུར་མེད་ལགས་ཀྱིས། གཙོད་ངོ་སྤྲོད་བྱས་རྗེས། སློབ་མ་རྣམས་ལ་གཙོད་ཀྱི་ཁྱབ་ཁོངས་དང་། གཙོད་ཕྲུག་བཙའ་བའི་དུས་ཚོད་ག་དུས་ཡིན་པ་དང་། གལ་ཏེ་ཁྱེད་རང་ཚོ་ཡིན་པའི་དབང་དུ་བཏང་ན་དེ་ལ་སྲུང་སྐྱོང་ཇི་ལྟར་བྱེད་རྒྱུ་སྐོར་ནས་ཚང་མ་ནས་གླེང་མོལ་བྱོས་དང་། སྐར་མ་འགའི་རྗེས་སུ་ཁྱོད་ཚོར་དྲི་བ་འདོན་རྒྱུ་ཡིན་ཞེས་བརྗོད། དབྱར་གནང་དང་དགུན་གནང་གི་སྐབས་ལ་བྱིས་པ་ཚོར་ལས་བྱ་བཀོད་སྒྲིག་བྱེད་དུས། གད་སྙིགས་བཏུས་རྗེས་རིགས་འགེར་བའི་སྐོར་གྱི་འདྲ་པར་དང་། ཡང་ན་ཁྱིམ་མི་ལ་ཁོར་སྲུང་གི་སློབ་ཁྲིད་རེ་བྱེད་པ། ཡང་ན་ཕ་ཡུལ་གྱི་རི་མོ་ཡག་ཤོས་རེ་འབྲི་རུ་འཇུག་པ་ལ་སོགས་ལྟ་བུ་བཀོད་སྒྲིག་བྱེད་པ་ཡིན་ཟེར།

རྨ་འབྲི་རྫ་གསུམ་འགོ་ཁུངས་ས་ཁུལ་ནས་ཁོར་སྲུང་སློབ་གསོ་དཔེ་སྟོན་སློབ་གྲྭ་དེ་གཉེར་ནས་བཟུང་།དེ་ནི་ས་གནས་ཀྱི་སྣོད་བཅུད་དང་རྩོལ་བྱུང་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁོར་ཡུག་སློབ་གསོའི་སློབ་ཁྲིད་དང་ཁོར་སྲུང་ལག་ལེན་གྱི་བྱེད་སྒོ་ཞིག་ཡིན་པས། དེས་འགོ་ཁུངས་ས་ཁུལ་ཡོངས་ཀྱི་ན་གཞོན་ལ་སྣོད་བཅུད་སྐོར་གྱི་སློབ་གསོ་སྤེལ་བར་སྐུལ་འདེད་བཏང་ཡོད། ཐོག་མར་ན་གཞོན་རྣམས་ཀྱི་ཁོར་ཡུག་གི་འདུ་ཤེས་ཇེ་མཐོར་བཏང་བ་བརྒྱུད་འབྲོག་ཁུལ་གྱི་ཁྱིམ་ཚང་སྔར་ལས་མང་པོ་རྣམས་ལ་དེ་ལྟ་བུའི་འདུ་ཤེས་ཤིག་ངང་གིས་ཆགས་པར་བྱས་ཡོད།

མ་འོངས་པ་གླེང་ཡོང་དུས་རྒན་ནོར་བུ་འགྱུར་མེད་ཀྱིས་འདི་སྐད། ད་ཆ་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་བཙུགས་པར་བརྟེན། སྣོད་བཅུད་སྐོར་གྱི་ཤེས་བྱ་དང་ཁོར་སྲུང་གི་འདུ་ཤེས་དེ་སློབ་ཐུན་དུ་བཅུག་ནས་བྱིས་པ་མང་པོ་ཞིག་གིས་རང་གི་ཕ་ས་ལ་ཤེས་རྟོགས་བྱུང་ཐུབ་ཡོད། ཕྱིན་ཆད་ངས་མུ་མཐུད་ནས་དེ་སྐོར་གྱི་དཔེ་དེབ་དང་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས་ནས་སྣོད་བཅུད་ཁོར་སྲུང་གི་འདུ་ཤེས་འདི་མི་སོ་སོའི་སེམས་ལ་འཇགས་ཐུབ་པ་ཞིག་བྱ་འདོད་ཟེར།

སྣོད་བཅུད་ཀུན་སྤྱོད་སློབ་གསོ་སློབ་ཐུན་དུ་བཅུག་ནས་ན་གཞོན་རྣམས་ལ་ཁོར་ཡུག་ལ་ཤེས་རྟོགས་དང་གནད་དོན་ལ་ངོས་ཟིན་བྱེད་དུ་སྐུལ་བ་ནི་ན་གཞོན་རྣམས་ཀྱིས་རང་བྱུང་གི་མཛེས་དཔྱོད་ལྟ་བ་ལ་ངེས་ཟིན་དང་། རང་བྱུང་ཁམས་བར་གྱི་བརྩེ་བ་ལྷད་མེད་དེ་ཆེ་རུ་བསྐྱེད་ཆེད་ཡིན་ལ། མཛེས་སྡུག་ལྡན་པའི་རྨ་འབྲི་རྫ་གསུམ་འགོ་ཁུངས་འདི་ནས་ཁོ་ཚོ་ལ་ཁོར་སྲུང་གི་ཤེས་བྱ་དང་ཀུན་སྤྱོད་ཀྱི་ས་བོན་གཏོར་ཆེད་ཀྱང་ཡིན་ཏེ། དེ་ལྟར་བྱས་ན་ད་གཟོད་ངེས་དོན་རང་བྱུང་དང་གཅིག་ཏུ་འདྲེས་ནས་རང་བྱུང་གི་བརྩེ་དྲོན་ཆེན་པོ་དེ་མྱང་ཐུབ་པ་རེད།

ཁོན་ཐར་འཚོས་བསྒྱུར།