གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་ལ་སྤུས་ཚད་འགན་འཁྲི་ཚེ་གང་ལམ་ལུགས་ལག་བསྟར་བྱ་རྒྱུ།

མི་དམངས་ཉིན་རེའི་ཚགས་པར་སྟེང་གནས་ཚུལ་སྤེལ་གསལ། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འཆར་ཅན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་ཤེས་རྟོགས་བྱུང་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཉིན་ཤས་གོང་༼གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་གྱི་སྤུས་ཚད་དོ་དམ་བྱ་ཐབས་༽ཞེས་པ་དཔར་དུ་བསྐྲུན་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་ནང་ཞུགས་པའི་ཕྱོགས་ཁག་གི་སྤུས་ཚད་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དང་། སྤུས་ཚད་དོ་དམ་བྱ་ཐབས་གསར་གཏོད་བྱ་རྒྱུ། སྤུས་ཚད་བཟང་བ་དང་། ལས་གྲྭ་སྤྱོད་ཤན་ཆེ་བ། བདེ་འཇགས་ཉེན་མེད་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་བྱེད་པར་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

༼བྱ་ཐབས་༽ཀྱིས་མིག་སྔའི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་སྤུས་ཚད་དོ་དམ་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཅིག་བསྡུས་བྱས་ཏེ། ས་གནས་སྲིད་གཞུང་གི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་ཀྱི་སྤུས་ཚད་ལྟ་སྐུལ་དོ་དམ་འགན་འཁྲི་དང་ཨར་ལས་ཁེ་ལས་ཀྱི་སྤུས་ཚད་གཙོ་རྐང་གི་འགན་འཁྲི་སྔར་བས་ཁ་གསལ་བཏོན་ཡོད་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྤུས་ཚད་ཀྱི་འགག་རྩའི་ལྷུ་ཚིགས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱབ་ཡོད་པ་རེད། དེའི་ཁྲོད། སྤུས་ཚད་འགན་འཁྲིའི་ཕྱོགས་ནས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་ལས་གཞི་ལ་སྤུས་ཚད་འགན་འཁྲི་ཚེ་གང་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་ཁ་གསལ་དུ་བཏང་ཡོད་པ་དང་། ལྟ་སྐུལ་དོ་དམ་ལམས་ལུགས་ཀྱི་ཕྱོགས་ནས། རིམ་དབྱེ་འགན་འཁྲི་རྩ་དོན་ལ་གཞིགས་ནས། གོང་འོག་མཐུན་སྦྱོར་དང་། ཚོད་འཛིན་ནུས་ལྡན། ཕྱོགས་ཡོངས་ལ་ཁྱབ་པའི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་གྱི་སྤུས་ཚད་ལ་དཔུང་བཤིབ་མཉམ་གཉེར་བྱེད་པའི་ལས་ཀའི་སྒྲིག་གཞི་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ་ཁ་གསལ་བཏོན་ཡོད། སྤུས་ཚད་དོ་དམ་ཚོད་འཛིན་གྱི་ཕྱོགས་ནས། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་བསྐྲུན་ཀྱི་ཁྱད་ཆོས་དང་ཉམས་ཞན་ལྷུ་ཚིགས་ལ་གཞིགས་ནས། ཇུས་འགོད་ཀྱི་འགག་སྒོ་དང་། རྒྱུ་ཆ་ཡི་འགག་སྒོ། ཨར་ལས་ཀྱི་འགག་སྒོ། སྤུས་ཚད་ཡོངས་བསྒྲགས་ཀྱི་འགག་སྒོ། བརྒྱུད་རིམ་ཚོད་འཛིན་གྱི་འགག་སྒོ། བཟོ་བསྐྲུན་ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ། སྤུས་ཚད་དཔྱད་དཔོག་གི་འགག་སྒོ། ཡིད་རྟོན་གདེང་འཇོག་གི་འགག་སྒོ་སོགས་འགག་སྒོ་ཆེན་མོ་བརྒྱད་ལ་ཚོད་འཛིན་ནན་མོ་དང་། ལག་ལེན་དངོས་ཀྱི་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད། ལྟ་སྐུལ་དོ་དམ་བྱ་ཐབས་ཀྱི་ཕྱོགས་ནས། ས་གནས་དེ་གའི་མང་ཚོགས་ཀྱི་སྤུས་ཚད་ལྟ་སྐུལ་ནུས་པ་འདོན་སྤེལ་དང་། སྤུས་ཚད་སྐོང་འདྲི་དང་མིང་སྦྱར་ལྟ་སྐུལ་ལམ་ལུགས་འཛུགས་པ། གྲོང་གསེབ་ཀྱི་གཞུང་ལམ་ཀྱི་སྤུས་ཚད་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཁ་གསལ་བཏོན་ཡོད།