ལོ་མཇུག་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི“གཙང་སེལ་ལས་གཞི”ཁྱོན་ཡོངས་ལ་ཁེབས་པར་བྱ་རྒྱུ་རེད།

ད་སྔ་མ་དངུལ་དུང་ཕྱུར7.1གི་རིན་གྱི་གཙང་སེལ་ལས་གཞི་ལེགས་པར་གྲུབ་ནས་ཞིང་འབྲོག་ཁྲི་མ་འབུམ་ལ་གཙང་ཞིང་བག་ལྷོད་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན་གསར་འགོད་པས་ཤེས་གསལ་བྱུང་བར། ད་ལོའི་ལོ་མཇུག་ཏུ་རྨ་འབྲི་རྫ་གསུམ་འགོ་ཁུངས་ས་ཁུལ་གྱི་གྲོང་རྡལ་དང་གྲོང་ཚོ། སྡོད་ཁུལ་བཅས་ཡོངས་ལ་འཁོར་རྒྱུག་གཏན་འཇགས་ཡིན་པའི་གད་སྙིགས་བསྡུ་འདྲེན་དང་བདེ་འཇགས་ཐག་གཅོད་མ་ལག་གཟུག་རྒྱུ་ཡིན་ཞིང་།སྐབས་དེར་ལོ་ངོ་བཞིའི་རིང་གི“གཙང་སེལ་ལས་གཞི”དེ་ས་ཁོངས་ཡོངས་ཀྱིས་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།

ཤེས་གསལ་ལྟར་ན། 2008ལོར་རང་ཞིང་གིས་ཡུག་གཅིག་ཏུ་སྦྲེལ་བའི་ཞིང་གྲོང་གི་ཁོར་ཡུག་དག་ཐེར་ལས་གཞི་ལག་བསྟར་བྱས། 2014ལོར་རང་རེའི་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འགོ་ཁུངས་སྣོད་བཅུད་སྲུང་སྐྱོང་ལས་གཞི་དང་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་དང་ཟུང་དུ་སྦྲེལ་ཏེ། རྨ་འབྲི་རྫ་གསུམ་འགོ་ཁུངས་ཞིང་འབྲོག་ཁུལ་གྱི་གཙང་སེལ་ལས་གཞི་དངོས་སུ་གཉེར་འགོ་བརྩམས་མུར། ཡུལ་ཤུལ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་བཞིའི་རྫོང21དང་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་རི་བོའི་གྲོང་རྡལ་བཅས་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྣོད་བཅུད་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟ་ཁུལ་དུ་གཏན་འཁེལ་བྱས་ནས་ལས་ཀ་ཁག་རིམ་བཞིན་ཡུལ་ཕྱོགས་དེ་དག་ཏུ་རྒྱ་བསྐྱེད་ལ། དེ་འབྲེལ་གྲོང་རྡལ158དང་གྲོང་ཚོ1100ལྷག་གི་འབྲོག་པ་མང་ཚོགས་གཏན་སྡོད་བྱེད་ས230དང་། ཞིང་འབྲོག་པ་མི་འབོར་ཁྲི106ཡོད་པ་རེད། ལས་གཞིའི་ནང་དོན་ལ་འཚོ་བའི་གད་སྙིགས་དང་འཚོ་བའི་བཙོག་ཆུ་ཐག་གཅོད། ཆུ་འགོའི་སྲུང་སྐྱོང་། སྤྱི་བའི་གསང་སྤྱོད་འཛུགས་སྐྲུན་བཅས་འགྲིམ་འགྲུལ་ལམ་རྒྱུད་དང་། ཡུལ་སྐོར་ལྗོངས་ཁུལ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཕྱོགས་སུ་རྒྱ་བསྐྱེད་རྒྱུ་དེ་ཡིན་ལ། ད་ལོའི་ཟླ11པར་མ་དངུལ་དུང་ཕྱུར7.1བཏང་ཟིན།

2017ལོ་ནི་ལས་གཞི་འདིའི་གནད་ག་དེ་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་གྲོང་གསེབ་དང་གྲོང་རྡལ་ཉེ་འཁོར་དུ་གནས་པའི་གྲོང་ཚོ་ཆེ་ཤོས་ཀྱི་བཙོག་ཆུ་གཙང་སེལ་བྱ་བ་ཡིན་པས། ཐོག་མར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་གཉིས་སུ་འཚོ་བའི་གད་སྙིགས་མེ་རུ་སྲེག་པའི་སྐོར་ནས་ཚོད་ལྟ་བྱས་པ་ལེགས་འགྲུབ་བྱུང་། ད་ལོའི་ཟླ7པར་རྨ་སྟོད་རྫོང་མི་རིགས་སློབ་འབྲིང་གི་གཙང་སེལ་ནུས་ཁུངས་ཀྱི་དྲོད་འདོན་དཔེ་སྟོན་ལས་གཞི་དངོས་སུ་བསྒྲུབས་ལ། དེ་ནི་རང་རེའི་ཞིང་ཆེན་གྱི་ས་མཐོ་ལ་གྲང་ལྷགས་རྒོད་པའི་ས་ཁོངས་སུ“རྡོ་སོལ་གློག་ལ་བསྒྱུར”བའི་དྲོད་འདོན་བཀོལ་སྤྱོད་ཐུབ་པའི་དཔེ་སྟོན་ལས་གཞི་ཐོག་མ་རེད། ད་ཆ་ལས་གཞི་དེ་བེད་སྤྱོད་བྱེད་མཁན་རྫོང་དེའི་ཁོངས་ཀྱི85%ཡན་ཟིན། སྔོན་དཔག་བྱས་ན་ལོ་རེར་ཚད་གཞི་རྡོ་སོལ་ཏུན27843གྱི་ཚབ་བྱེད་ཐུབ་པས། རྡོ་ཐལ་ཏུན18933དང་། དབྱང་གཉིས་ཐཱན་འགྱུར་ཏུན69413། དབྱང་གཉིས་མུ་འགྱུར་ཏུན2088། ཏན་དབྱང་རྫས་འགྱུར་ཏུན974.5ཇེ་ཉུང་དུ་འགྲོ་བ་རེད།

ཤེས་གསལ་ལྟར་ན། རྨ་སྟོད་རྫོང་གིས་གཙང་སེལ་དྲོད་འདོན་སྐོར་ནས་ལོ་གསུམ་གྱི་འཆར་འགོད་བཟོས་ཤིང་། སང་ལོར་རྫོང་དེས་དྲོད་འདོན་སྦུ་གུ་འཐེན་མི་ཐུབ་པའི་རོང་འབྲོག་ཁུལ་དུ་གློག་ཐབ་དང་། གློག་དྲོད་ཚ་ཐབ། འོད་ཧྥུ་དྲོད་འདོན་ལ་སོགས་རིམ་བཞིན་དུ་ཁྱབ་གདལ་གཏང་རྒྱུ་ཡིན་མ་ཟད། ད་ཆ་ཚོད་ལྟའི་ལས་ཀའི་འགོ་ཚུགས་ཡོད་པ་རེད། རྫ་སྟོད་རྫོང་གིས་རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི“གཙང་སེལ་ལས་གཞི”འཛུགས་སྐྲུན་ལ་སྐུལ་སྤེལ་བྱ་ཆེད། 2015ལོ་ནས་བཟུང་གད་སྙིད་དབྱེ་འབྱེད་ལག་བསྟར་བྱས་ཏེ། ས་གནས་སྡོད་དམངས་ལ་འཚོ་བའི་གད་སྙིགས་དབྱེ་འབྱེད་བྱེད་པར་ཡར་སྐུལ་བྱས་ནས་མཐའ་མར་སྡོད་ཁུལ་གྱི་ཞབས་ཞུ་ས་ཚིགས་ཀྱིས་གད་སྙིགས་འདྲུད་འཁོར་བཏང་ནས་དབྱེ་འབྱེད་ལྟར་གད་སྙིགས་དབོ་སར་སྐྱེལ་བ་རེད།

རྨ་འབྲི་རྫ་གསུམ་འགོ་ཁུངས་ནི་ཀྲུང་གོ་དང་ཐ་ན་གླིང་ཆེན་ཨེ་ཤ་ཡའི་ཆུ་འགོའི་སྣོད་བཅུད་བྱེད་ནུས་ཁུལ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མཛོད་དང་རྒྱུད་སྤེལ་གཞི་རྒྱུའི་མཛོད་ཁང་གི་གྲས་ཡིན་ཞིང་། ཀྲུང་ཧྭའི་ཆུ་མཛོད་ཞེས་པའི་མཚན་སྙན་ཡོད་པས་སྣོད་བཅུད་ཀྱི་གོ་གནས་ཁྱད་དུ་འཕགས་ལ་འགྲན་ཟླ་བྲལ། ངོ་སྤྲོད་ལྟར་ན། ལོ་ངོ་བཞིའི་རིང་ལ་འགོ་ཁུངས་དེའི་གྲོང་ཚོ་དང་། རྩྭ་ས། སྒོ་ར། ཆུ་བོའི་འགོ་ཁུངས་སོགས་སུ་གཙང་སེལ་ལས་གཞི་ལག་བསྟར་བྱས་པར། རོང་འབྲོག་མང་ཚོགས་ཁྲི་མ་འབུམ་གྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་ཇེ་བཟང་ལ་སོང་ནས་རྨ་འབྲི་རྫ་གསུམ་གྱི་ཁོར་ཡུག་དང་སྤྱི་ཚོགས་ལ་ཕན་ཁེ་བཟང་པོ་བསྐྲུན་ཐུབ་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།