ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཁངས་བབས་པའི་ཉིན་འདི་དག་ལ་ལམ་འགྲོ་བར་དྲན་སྐུལ་བྱས་པ།

ཟླ11པའི་ཚེས15ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཤོས་ལ་ཁ་བ་བབས་ནས་ནམ་ཟླ་ཇེ་འཁྱག་ལ་འགྲོ་བཞིན་ཡོད་པས། ཕྱི་སྐྱོད་ལ་མི་འཚམ། ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཚང་མར། ཁངས་བབས་པ་དང་གནམ་གཤིས་ཇེ་འཁྱག་ལ་འགྲོ་བའི་སྐབས་འདིར། ཟོག་སྐྱེལ་རླངས་འཁོར་ལམ་དུ་ཆས་དུས་སྔ་མོ་ནས་འཁྱགས་འགོག་རྟགས་ཅན་གྱི་ས་སྣུམ་བླུགས་ནས་སྣུམ་འཁྱགས་པོར་འགྲོ་བ་དང་འཁོར་ལོ་ཤུད་པ་སོགས་ཀྱིས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས། ཕར་ཚུར་འགྲོ་འོང་གི་རླངས་འཁོར་རྣམས་ཀྱིས་ལམ་དུ་ཁང་བརྩེགས་ཤིང་འཁྱགས་དར་ཆགས་ཡོད་པའི་མཚམས་སུ་ཤུད་འགོག་འཁོར་སྒྲོག་བརྒྱབ་ནས་དལ་གྱིས་བགྲོད་དེ་འགྲོ་ལམ་བདེ་འཇགས་ལ་ཡིད་གཟབ་བྱ་དགོས་ཞེས་དྲན་སྐུལ་བྱས་པ།

ཟམ་ངོས་སུ་འཁྱགས་དར་ཆགས་སླ་བས་དལ་གྱིས་བསྐྱོད་ན་ལེགས།

ཟམ་ངོས་ལ་མཚོན་ན་བར་སྣང་དུ་རྡང་བཞིན་འཐེན་ཡོད་སྟབས། ཁ་ཆར་འབབ་དུས་སུ་ལམ་གཞན་ལས་འཁྱགས་དར་ཆགས་སླ་ཞིང་ཞུ་དཀའ་བའི་ཁྱད་ཆོས་ལྡན། ཚང་མས་རླངས་འཁོར་བསྐོར་ནས་འགྲོ་དུས་སུ་ཟམ་པ་དང་བསྐོར་ནས་འགྲོ་རྒྱུ་སྔ་མོ་ནས་བསམ་གཞིགས་བཏང་ན་འགྲིག གལ་ཏེ་བསྐོར་ལམ་གཞན་གཅིག་ཀྱང་མེད་ཚེ། ཟམ་ངོས་ཀྱི་གཟར་ཚད་དང་རང་སྟེང་གི་གྱེན་བགྲོད་ནུས་པར་བཟང་པོ་ཞིག་བརྟག་རྗེས་སུ། སྔ་ས་ནས་མྱུར་ཚད་ཇེ་དམའ་རུ་བཏང་ནས་བསྐྱོད་ན་ལེགས་ལ། ཡང་ཟམ་ངོས་སུ་ཁངས་མཐུག་ལ་འཁྱགས་དར་ཡོད་ཚེ་རླངས་འཁོར་སྔོན་མའི་བར་ཐག་རིང་དུ་བཟུང་ནས་ཐོ་རྒྱག་པར་ཡིད་གཟབ་བྱས་ན་ལེགས།

རླངས་འཁོར་བསྐོར་དུས་ཐོག་མ་ནས་དལ་གྱིས་བགྲོད་ན་བདེ་འཇགས་ཡོང་ངེས།

ཁངས་མཐུག་ས་དང་འཁྱགས་རོམ་ཡོད་སའི་ལམ་དུ་བསྐྱོད་དུས་དང་ཐོག་ནས་སྣུམ་སྒོ་དལ་གྱིས་མནན་ནས་དལ་མོར་བསྐོར་བ་དང་། མྱུར་ཚད་ཆུ་ཚོད་རེར་ལེ་དབར20ནས30མཚམས་ནས་ཚད་བཟུང་ན་ལེགས། ལམ་དུ་གཞན་གྱི་རླངས་འཁོར་དང་བར་ཐག་ངེས་ཅན་རེ་བཟུང་ན་བདེ་འཇགས་ལ་ཕན་པ་དང་། གལ་ཏེ་རླངས་འཁོར་ཇེ་མགྱོགས་དང་ཇེ་དལ་དུ་གཏང་དགོས་ཚེ་སྣུམ་སྒོ་དལ་གྱིས་མནན་ནས་ལྷོད་ན་རླངས་འཁོར་ཤུད་ནས་དོན་རྐྱེན་མི་འབྱུང་བར་ཕན།

རླངས་འཁོར་ཇེ་དལ་དུ་གཏོང་དུས་གློ་བུར་དུ་ཁ་མ་བསྒག་ན་བཟང་།

ཁངས་མཐུག་ལ་འཁྱགས་རོམ་ཆགས་ཡོད་སའི་ལམ་ངོས་འཇམ་དྲག་པས་འཕྲལ་མྱུར་ཁ་བསྒག་ན་རླངས་འཁོར་ཡོ་སྐྱོམས་ཐེབས་ནས་ཁ་ལོ་འཁོར་བའི་ཉེན་ཁ་ཆེ། མྱུར་ཚད་ཇེ་དལ་དང་ཇེ་མགྱོགས་སུ་གཏོང་སྐབས་རླངས་འཁོར་གྱི་སྣུམ་སྒོ་འཕྲལ་མྱུར་གྱིས་རྒྱག་མི་རུང་ལ།ཁ་ཡང་འཕྲལ་མར་བསྒག་མི་རུང་།

རླངས་འཁོར་གྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་དུས་གཏན་ནས་མགྱོགས་མི་རུང་།

ཁངས་མཐུག་ཅིང་འཁྱགས་རོམ་ཡོད་སའི་དཀྱོག་ལམ་དུ་འགྲོ་དུས་ཁ་ལོ་བས་རླངས་འཁོར་ཇེ་དལ་དུ་བཏང་ནས་བདེ་འཇགས་ཀྱི་ཁྱབ་ཁོངས་ནས་ཁ་ཕྱོགས་དལ་གྱིས་བསྒྱུར་ན་ལེགས། གལ་ཏེ་གློ་བུར་དུ་ཇེ་མགྱོགས་སུ་གཏོང་བའམ་ཡང་ན་རླངས་འཁོར་གྱི་ཁ་བསྒག་ན། ཚོད་འཛིན་བྱེད་དཀའ་བས་དོན་རྐྱེན་འབྱུང་སླ་བ་ཡིན།

ལ་ངོས་སུ་བསྐྱོད་དུས་མཉམ་འཇོག་ཡག་པོ་བྱ་དགོས།

ཁངས་མཐུག་ཅིང་འཁྱགས་རོམ་ཡོད་པའི་ལ་ངོས་དང་ལ་ཐུར་དུ་བསྐྱོད་པར་ཧ་ཅང་ཉེན་ཁ་ཆེ། ལ་ངོར་འགོ་དུས་ལམ་བར་དུ་རླངས་འཁོར་སྡོད་མི་རུང་བ་དང་། ལ་ཐུར་ལ་འབབ་དུས་རླངས་འཁོར་ཇེ་དལ་དུ་བཏང་ན་བཟང་།

ཁོན་ཐར་འཚོས་བསྒྱུར།