ཡུལ་ཤུལ་གནམ་ཐང་ལ2017ལོའི་རྒྱལ་ཡོངས་ཀྱི“ཕུལ་ཕྱིན་ཡུལ་སྐོར་ཡན་ལག་གནམ་ཐང”གི་མཚན་སྙན་གཟེངས་རྟགས་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས14ཉིན། ཀྲུང་གོའི་ཡུལ་སྐོར་མཐུན་ཚོགས་དམངས་སྤྱོད་མཁའ་འགྲུལ་ཡུལ་སྐོར་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི“ཕུལ་ཕྱིན་ཡུལ་སྐོར་ཡན་ལག་གནམ་ཐང”ཞེས་པའི་གཟེངས་བསྟོད་སྙན་ཞུའི་གྲོས་ཚོགས་སྟེང་། ཡུལ་ཤུལ་གནམ་ཐང་ལ2017ལོའི“ཕུལ་ཕྱིན་ཡུལ་སྐོར་ཡན་ལག་གནམ་ཐང”གི་མཚན་སྙན་གཟེངས་རྟགས་གནང་བ་མ་ཟད། རྒྱལ་ཡོངས་ནས་གཟི་བརྗིད་གཟེངས་རྟགས་དེ་ཐོབ་པའི་ཐད་འཕུར་གནམ་ཐང་ཆེན་པོ་དྲུག་གི་ཁྲོད་ཀྱི་གཅིག་ཏུ་གྱུར་བ་རེད།

གཟེངས་རྟགས་དེས་གཙང་གསུམ་འགོ་ཁུངས་ཀྱི་ངོ་མཚར་མཛེས་སྡུག་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་མིན་ཁྱད་འཕགས་མི་རིགས་རིག་གནས་གསོག་ཉར་ལ་ཕན་ངེས་ཤིང་། ཡུལ་ཤུལ་གནམ་ཐང་གིས་ཡུལ་ཤུལ་ཁུལ་གྱི“རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་བྱ་བའི་འཐབ་ཇུས་ཀྱི་ཐག་གཅོད”དང་བསྟུན་ནས། ཐོག་མར་ཐབས་ཇུས་འཐེན་པ་དང་རང་འགུལ་གྱི་བྱ་སྤྱོད་ལ་བརྟེན་ནས་སྐྱེལ་འདྲེན་ཐོན་སྐྱེད་དང་ཞབས་ཞུའི་བྱེད་ནུས་རིམ་སྤར་འཕེལ་རྒྱས་བྱ་བ་དེ། ས་གནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཀྱི་འགན་འཁྲི་གཙོ་བོར་མཉམ་བསྲེས་བྱས་ཤིང་། གཅིག་བསྡུས་སྒོས“མཐོ་སྒང་གི་ཆེས་མཛེས་པའི་སྐལ་བཟང་མེ་ཏོག་གནམ་ཐང”ཞེས་པ་གསར་པསྐྲུན་བྱས། དེ་དང་ཆབས་ཅིག མཁའ་སྐྱོད་མཁའ་འགྲུལ་ལམ་ཐིག་གཏིང་ཟབ་ཀྱིས་སྤེལ་བ་དང་གནམ་གྲུའི་འཛིན་བྱང་ལ་དམིགས་གསལ་གོང་བདེའི་སྙོམས་སྒྲིག་བྱ་བ་ལེགས་པོར་བསྒྲུབས་ཏེ། ཡུལ་ཤུལ་ནས་ཟི་ལིང་བར་གྱི་སྤུས་ལྡན་གནམ་འགྲུལ་ལམ་ཐིག་ལ་ཤུགས་སྣོན་བྱེད་པ་བཅས་ཀྱིས་སྔ་གཞུག་ཏུ་ཡུལ་ཤུལ་ཁུལ་སྲིད་གཞུང་དང་རྒྱལ་སའི་མཁའ་འགྲུལ་ཀུང་ཟི། ཞང་ཕུན་མཁའ་འགྲུལ་ཀུང་ཟི་བཅས་ཀྱིས་ཐད་འཕུར་མཁའ་འགྲུལ་བྱ་བའི་འཐབ་ཇུས་ལ་གྲོས་མཐུན་གན་རྒྱ་བཞག་པ་རེད།

ད་ལྟའི་བར་དུ་ཡུལ་ཤུལ་གནམ་ཐང་དེ་མཁའ་འགྲུལ་ཀུང་ཟི3དུ་གྱུར་ནས་འཁོར་སྐྱོད་ལས་གཉེར་བྱེད་བཞིན་ཡོད་ལ། མཁའ་འགྲུལ་ལམ་ཐིག་གཙོ་བོ་དང་མཁའ་འགྲུལ་ལམ་ཐིག5ལ་ལས་གཉེར་བཀོད་སྒྲིག་བྱས་ཏེ་ཞི་ཨན་དང་ཁྲིན་ཏུའུ་ནུབ་བྱང་། ལྷོ་ནུབ་ཀྱི་ཡུལ་སྐོར་བ་འདུས་སྡོད་གྲོང་ཁྱེར་ཆེན་པོ་གཉིས་བཅས་ལ་མཐུད་སྦྲེལ་བྱས་ཏེ་གཟའ་འཁོར་རེའི་མཁའ་སྐྱོད་གནམ་གྲུའི་འབབ་ཚུགས་ཀྱི་ཁ་གྲངས་དེ་ཐེངས76ལ་བུད་ཡོད། ད་ལྟའི་བར་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་མཁའ་འགྲུལ་ཐད་འཕུར་ཆེས་མོད་པོའི་གནམ་ཐང་དུ་གྱུར་ཡོད། ད་ལོ་ཡུལ་ཤུལ་གནམ་ཐང་གིས་ཡུལ་སྐོར་བ་དབོར་འདྲེན་བྱེད་པའི་ཁ་གྲངས་དེ2017ལོ་ནས་ཉིན42ཀྱིས་སྔ་ཞིང་མི་ཐེངས་འབུམ་གཉིས་དང་ཁྲི་ལྔ་ལ་བུད་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།