རང་ཞིང་གིས་ཙོང་ཆུའི་འབབ་རྒྱུད་ཀྱི་ལོ་རྒྱུས་རིག་གནས་དང་འབྲེལ་བའི་ས་གནས་ལོ་རྒྱུས་ཀྱི་ཟིན་འགོད་དཔེ་དེབ་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས14ཉིན། དུས་ཡུན་ལོ་ངོ་དྲུག་གི་རིང་ལ་ཡོངས་ཁྱབ་རང་བཞིན་གྱི་ཆ་ནས་འཚོལ་བསྡུ་དང་རྩོམ་འབྲི་བྱས་པའི་རང་ཞིང་གི་ཙོང་ཆུའི་ལོ་རྒྱུས་རིག་གནས་དང་རང་བྱུང་ས་ཁམས་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ས་གནས་ལོ་རྒྱུས་དཔེ་དེབ་ཐོག་མ—— 《ཙོང་ཆུའི་ལོ་རྒྱུས་རིག་གནས་གསལ་སྟོན》ཞེས་པ་དེ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ས་ཁུལ་དུ་ཆེས་ཐོག་མར་པར་སྐྲུན་འགྲེམས་སྤེལ་གྱི་མཛད་སྒོ་སྤེལ་བ་རེད།

དཔེ་དེབ་དེར་ཁྱོན་བསྡོམས་སྟོད་ཆ་དང་སྨད་ཆ་གཉིས་ཡོད་ལ། ཙོང་ཆུའི་ས་ཁུལ་གྱི་ལོ་རྒྱུས་རིག་གནས་ལ་སྲུང་སྐྱོབ་དང་འཕེལ་རྒྱས། རྒྱུན་འཛིན་བཅས་ཀྱི་ཐད་ནས་འགོ་བཙུགས་སྟེ་ཙོང་ཆུའི་འབབ་རྒྱུད་ས་ཁུལ་གྱི་ལོ་རྒྱུས་དང་རང་བྱུང་། འགྱུར་ལྡོག མི་རིགས། དམངས་སྲོལ། གནའ་བོའི་རྗེས་ཤུལ། འཛུགས་སྐྲུན། གསོ་རིག ལུས་རྩལ་བཅས་དང་། དེ་མིན་ཞིང་ལས་རིག་གནས། ལོ་རྒྱུས་དཔྱད་གཞིའི་ཡིག་ཚགས་སོགས་མ་ལག་རང་བཞིན་གྱི་སྒྲོམ་གཞི་ཞིག་གསར་འཛུགས་བྱས་ཏེ། ཙོང་ཆུའི་ལོ་རྒྱུས་རིག་གནས་དེ་མཛེས་སྡུག་ཡིད་དུ་འོངས་བའི་སྒོ་ནས་ངོ་སྤྲོད་བྱས་ཤིང་། ཙོང་ཆུའི་ལོ་རྒྱུས་རིག་གནས་དེ་རྒྱས་བཤད་གསལ་བོ་ཞིག་གནང་ཡོད། དེའི་ཁྲོད་ཙོང་ཆུའི་ས་ཁུལ་གྱི་གནའ་བོའི་འཇང་རིགས་དང་ཞའོ་ཡེས་ཚོ་བ། བོད་ཀྱི་ཚོ་བ། ཞུང་ནུའུ་རིགས་གནའ་བོའི་ཚོ་བ་དང་རིགས་རྒྱུད་དག་གི་འགོ་ཁུངས་དང་འཚོ་བའི་ཁྱབ་ཁོངས་ཡང་ངོ་སྤྲོད་གསལ་བོ་ཞིག་གནང་འདུག དེ་དང་ཆབས་ཅིག་ད་རུང་ཆེད་དུ་རྒྱ་དང་བོད། ཧའེ་རིགས། ཧོར་རིགས། ས་ལའར་རིགས། སོག་རིགས་བཅས་ཀྱི་དེང་རབས་མི་རིགས་ཀྱི་འགོ་ཁུངས་དང་ཆབ་སྲིད། དཔལ་འབྱོར། རིག་གནས། དམངས་སྲོལ་སོགས་ཆེས་མ་མཐའི་ཐོན་སྐྱེད་འཚོ་བའི་གནས་བབ་ཡང་ངོ་སྤྲོད་དང་མཚམས་སྦྱོར་གསལ་བོ་ཞིག་བྱས་ཡོད།

དཔེ་དེབ་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཅིན་ཀྲང་ཧྭ་ཡིས་བསྟན་དོན། 《ཙོང་ཆུའི་ལོ་རྒྱུས་རིག་གནས་གསལ་སྟོན》ཞེས་པའི་དེབ་འདིར་ལོ་རྒྱུས་ཀྱི་རང་བཞིན་དང་ཤེས་བྱའི་རང་བཞིན། རིག་གནས་ཀྱི་རང་བཞིན། ཀློག་རིན་ཡོད་པའི་རང་བཞིན་བཅས་གཞི་གཅིག་ཏུ་འདུས་ཡོད་ལ། འདི་ནི་ཙོང་ཆུའི་ལོ་རྒྱུས་རིག་གནས་ཀྱི་ས་གནས་ལོ་རྒྱུས་དཔེ་དེབ་ཅིག་ཡིན་པ་མ་ཟད། ཙོང་ཆུའི་ལོ་རྒྱུས་རིག་གནས་དང་འབྲེལ་བ་ཡོད་པའི་ཡོངས་ཁྱབ་རང་བཞིན་གྱི་ཀློག་དེབ་ཞིག་ཀྱང་ཡིན། དཔེ་དེབ་དེ་ཚོང་རར་བཀྲམས་པ་དེས་མཚོ་ཤར་ས་ཁུལ་གྱི་རིག་གནས་ཁྱབ་ཁོངས་ལ་རིག་གནས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་གསར་སྣོན་བྱས་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་སྔོག་འདོན་དང་ཞིབ་འཇུག མཚོ་ཤར་གྲོང་ཁྱེར་ཙོང་ཆུའི་འབབ་རྒྱུད་ས་ཁུལ་གྱི་རིག་གནས་དྲིལ་སྒྲོག་བཅས་ཀྱི་ཐད་ལ་བྱེད་ནུས་ངེས་ཅན་ཞིག་ལྡན་པར་སྐུལ་འདེད་བྱས་ཡོད་ཟེར།

ལོ་ཙཱ་བ། ལྷ་དཔལ་སྐྱབས།