མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོས2019ལོར་དམངས་ལ་དངོས་དོན་ཇི་ལྟར་བསྒྲུབ་དགོས་སྐོར་ནས་བསམ་འཆར་བསྡུ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ་ཁ་ཕྱོགས་ནས《2019ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དམངས་ཀྱི་ཕྱིར་དོན་དངོས་བསྒྲུབ་བྱའི་ལས་གཞིའི》ཐད་ནས་ཚང་མར་བསམ་འཆར་བསྡུ་བཞིན་འདུག

 དངོས་གཞི།

ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམས་ལ་ཁམས་འདྲི་ཞུ།

དམངས་ཀྱིས་གང་ལ་རེ་སྙེག་བྱེད་པ་སྲིད་གཞུང་གིས་དེ་ལ་འབད་དགོས་པས། དམངས་ལ་དོན་དངོས་བསྒྲུབ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་ལེན་མཐའ་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་གཙོ་བོ་ཡིན་པ་དང་། “ལྔ་བཞིའི་འཐབ་ཇུས“ལག་བསྟར་དོན་འཁྱོལ་དང་། “སྤུས་ལེགས་གཅིག་དང་མཐོ་བ་གཉིས“ཀྱི་ནང་དོན་གལ་ཆེན་ལ་སྐུལ་འདེད་ཧུར་ཐག་བྱ་རྒྱུ་དེ་ཡིན། གནའ་ནས་ད་བར་དུ། ཞིང་ཆེན་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱ་བ་དེ་ལས་ཀ་ཐམས་ཅད་ཀྱི་འགོ་བསླངས་ས་དང་གཞི་འཛུགས་སར་བརྩིས་ཏེ། ནོར་སྲིད་ཆུང་ཆུང་གིས་དམངས་ཚིས་དོན་ཆེན་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས་དམངས་ཚིས་ལས་གཞི་མུ་འབྲེལ་ལག་བསྟར་བྱས་པ་དང་། དམངས་ཚིས་ཀྱི་ཆ་ལས་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ཅིང་། དཀའ་ངལ་ཆེན་པོ་ཡོད་པའི་གནད་དོན་སྐོར་ཞིག་ཐག་བཅད་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་ཆེར་སོང་ཡོད།

དམངས་ཚིས་ལ་ཕན་པའི་དོན་དངོས་ལེགས་པོ་བསྒྲུབ་རྒྱུ་ནི་མཚོ་སྔོན་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་འདོད་འདུན་བསྐང་ཆེད་ཡིན་པས། སང་ལོའི་དམངས་ཚིས་ལས་གཞི་ལ་འཆར་འགོད་ཡག་པོ་བཟོས་ནས་དམངས་སེམས་དང་ཉེ་བར་བཅར་ཞིང་། དམངས་བློ་དང་མཐུན་པོ་ཡོང་ཆེད། ལོ་མཇུག་གི་མཚམས་འདི་ལ་ང་ཚོས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་ཡོངས་ལ་ཕྱི་གསལ་ནང་གསལ་སྒོས་ཞིང་ཆེན་སྲིད་གཞུང་གིས་སང་ལོར་དམངས་དོན་དངོས་ཇི་ལྟར་བསྒྲུབ་ན་ལེགས་པའི་སྐོར་ནས་བསམ་འཆར་བསྡུ་བ་ཡིན་པས། ཚང་མས་རང་རང་གིས་དོ་ཁུར་དང་། རེ་འདུན་གྱི་ངོས་ཐད་ནས་བསམ་འཆར་དང་ཇུས་བཟང་ག་འདྲ་ཡོད་ན་ཇི་བཞིན་དུ་འདོན་རྒྱུ་གལ་ཆེ་ལ། ཁྱེད་ནས་བཏོན་པའི་བསམ་འཆར་རེ་རེ་ལ་ང་ཚོས་རྣ་བ་གཏད་དེ་ཉན་རྒྱུ་མ་ཟད། ཞིབ་འཇུག་དང་མང་གྲོས་ཐབས་བཟང་བསྡུས་ཐོག ཞིང་ཆེན་སྲིད་གཞུང་གིས་སང་ལོའི་དམངས་ཚིས་དོན་དངོས་ཀྱི་ནང་དོན་གཅིག་གྱུར་ཐོག་གཏན་ལ་ཕབ་ནས་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་འགོད་རྒྱུ་དང་།ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཚོགས་འདུར་ཕུལ་ནས་གྲོས་ཞིབ་བྱས་རྗེས། སྒྲིག་འཛུགས་ཞིབ་ཚགས་ཐོག་ལག་བསྟར་བྱས་ནས་དམངས་ཚིས་དོན་དངོས་དེ་མང་ཚོགས་ཀྱི་བློ་ངོར་འབབ་ཐུབ་པ་ཞིག་བསྒྲུབ་པར་འབད་འབུངས་བྱ་རྒྱུ་ཡིན།

ཁྱེད་ཀྱི་བསམ་འཆར་དག་ངེད་སྲིད་གཞུང་དྲ་བའི་རྒྱ་ཡིག་པར་ངོས་ཀྱིhttp://apps.qh.gov.cn/Topic_2019_MinShengShiShiZhengJi.htmlདང་། མཚོ་སྔོན་སྲིད་དོན་གྱི་འཕྲིན་ཕྲན་དང་བོད་ཕྲན་བརྒྱུད་ནས་བཏོན་ཆོག

བསམ་འཆར་བསྡུ་བའི་དུས་ཚོད་ནི2018ལོའི་ཟླ11པའི་ཚེས12ཉིན་ནས་ཟླ12པའི་ཚེས22ཉིན་བར་ཡིན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་གཙོ། ལིག་ཉིང་ནས།

2018ལོའི་ཟླ11པའི་ཚེས11ཉིན་ལ།

ཁོན་ཐར་འཚོས་བསྒྱུར།