མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཅི་ཞའོ་ཅིན་དང་ཆོས་དབྱིངས་སྐྱིད་སོགས་ལ་བྱ་དགའ་སྟེར་རྒྱུ་ཐག་བཅད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས2018ལོའི་ཡ་ཅ་ཏ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གསེར་དང་དངུལ་གྱི་རྟགས་མ་ཐོབ་མཁན་གྱི་ཅི་ཞའོ་ཅིན་དང་། ཆོས་དབྱིངས་སྐྱིད། དེ་མིན་ལམ་སྟོན་གྱི་དགེ་རྒན་དང་ལས་ཁུངས། དང་ཐོག་སྐྱེལ་མ་གནང་མཁན་གྱི་ལས་ཁུངས་བཅས་ལ་བྱ་དགའ་གནང་རྒྱུ་ཐག་བཅད་ཡོད་པ་རེད།

2018ལོའི་ཡ་ཅ་ཏ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་ཐོག རང་རེའི་ཞིང་ཆེན་གྱི་ལུས་རྩལ་པས་འགྲན་ཡ་སྟོབས་ཅན་དག་དང་ཞུམ་མེད་སྙིང་སྟོབས་བསྐྱེད་ནས་འགྲན་རྩོད་ལྷོད་མེད་བྱས་པར་གྲུབ་འབྲས་ཁྱད་པར་བ་བླངས་ཏེ། ཨོ་ལིན་ཕིག་ལུས་རྩལ་གྱི“དེ་བས་མྱུར་ཞིང་མཐོ་ལ་སྟོབས་ཆེ་བ”ཞེས་པའི་དགོངས་གཞི་གསལ་འགྲེལ་བྱས་ཤིང་། “ས་མཐོའི་མཐོང་ལམ་ཡངས་པོ་དང་། རང་རྟོན་གྱི་བློ་ཁོག་ཡངས་པོ། མཐུན་སྒྲིལ་སྐྱེས་འབུལ། འབད་འཐབ་ལྷོད་མེད”ཅེས་པའི་མཚོ་སྔོན་གསར་པའི་སྙིང་སྟོབས་དང་། དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་གྱི་སྟག་ཤར་གཞོན་ནུའི་ཉམས་འགྱུར་ཅི་དགར་ངོམ་ནས་མེས་རྒྱལ་གྱི་སྙན་གྲགས་ཕྱོགས་བཅུར་བསྒྲོན་ཞིང་། མཚོ་སྔོན་གྱི་ངོ་སོ་དགོང་སྔོན་ལ་བསྟད། ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་གཉིས་པའི་ལུས་རྩལ་པ་ཅི་ཞའོ་ཅིན་གྱིས་འབེན་མིག473.2ཡི་གྲུབ་འབྲས་བླངས་ནས་མདའ་མང་མཉམ་འཕེན་གྱི་སྨི་བཅུ་ཅན་གྱི་གསེར་གྱི་རྟགས་མ་བླངས། གསེར་གྱི་རྟགས་མ་དེ་ནི་རང་རེའི་ཞིང་ཆེན་གྱིས1974ལོར་རྡི་ལི་གསར་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་འཚོགས་ནས་ལོ་ངོ་བཞི་བཅུ་ཞེ་བཞི་འདས་པའི་རྗེས་སུ་ཐོབ་པའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་རེད། རང་རེའི་ཞིང་ཆེན་གྱི་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད་གཅིག་དང་སྐར་མ་ཉེར་དགུ་སྐར་ཆ་བཅོ་ལྔ་ཡི་གྲུབ་འབྲས་བླངས་ནས་སྐྱེས་མའི་ལེ་དབར་ཉི་ཤུ་ཡི་འདར་རྒྱུག་ལས་དངུལ་གྱི་རྟགས་མ་བླངས། ལུས་རྩལ་པ་འདི་གཉིས་ཀྱིས་སོ་སོ་ནས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་གསར་པ་བཏོད།

ཞིང་ཆེན་སྲིད་གཞུང་གིས། ཅི་ཞའོ་ཅིན་ལ་བྱ་དགའ་སྒོར་ཁྲི་བཅོ་ལྔ་དང་། མོའི་དགེ་རྒན་ཀྲའོ་ཡན་ལ་སྒོར་ཁྲི་བརྒྱད་ཀྱི་བྱ་དགའ། ཆོས་དབྱིངས་སྐྱིད་ལ་སྒོར་ཁྲི་བཅུ་དང་། མོའི་དགེ་རྒན་ཡུན་ཏེ་ཅིའུ་ལ་སྒོར་ཁྲི་ལྔ་ཡི་བྱ་དགའ་གནང་རྒྱུ་ཐག་བཅད་པ་མ་ཟད། ད་ལྟ་སྦྱོང་བརྡར་བྱེད་སའི་ལས་ཁུངས་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་གཉིས་པར་སྒོར་ཁྲི་གཉིས་དང་། ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོར་སྒོར་ཁྲི་གཉིས། དེ་མིན་དང་ཐོག་སྐྱེལ་མ་གནང་མཁན་གྱི་ལས་ཁུངས་ཞིང་ཆེན་ལུས་རྩལ་སློབ་གྲྭར་སྒོར་ཁྲི་གཉིས། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཉམས་ཞིབ་སློབ་འབྲིང་ལ་སྒོར་ཁྲི་གཉིས་བཅས་ཀྱི་བྱ་དགའ་གནང་རྒྱུ་ཡང་ཐག་བཅད་པ་རེད།

སྔོན་ཐོན་ལ་བྱ་དགའ་དང་། སྙིང་སྟོབས་ཅན་ལ་དཔའ་ངར་བསྐྱེད་ཅེས་པ་ནང་བཞིན་ཞིང་ཆེན་སྲིད་གཞུང་གིས་ཅི་ཞའོ་ཅིན་དང་། ཆོས་དབྱིངས་སྐྱིད། དེ་འབྲེལ་གྱི་ལས་ཁུངས་དང་མི་སྣ་རྣམས་ལ་ཡང་འབད་བསྐྱར་འབད་བྱས་ནས་ཡང་བསྐྱར་གྲུབ་འབྲས་ཡག་པོ་ལོན་པར་སྐུལ་མ་བཏང་བ་དང་ཆབས་ཅིག ཞིང་ཆེན་ཡོངས་ཀྱི་ལས་རིགས་ཁག་སོ་སོ་དང་། འཐབ་ཕྱོགས་སོ་སོའི་བློ་མཐུན་རྣམས་ཀྱིས་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ན་གཞོན་པའི་བློ་རྒྱ་ཆེན་པོ་དང་། སྙིང་རུས་ཆེ་ཞིང་འགྲན་རྩོད་ལ་དཔའ་ངར་ཆེ་བའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། “ མཚོ་སྔོན་གསར་པའི་སྙིང་སྟོབས”དར་སྤེལ་ཆེན་པོ་དང་། “ལྔ་བཞིའི་འཐབ་ཇུས”ལག་བསྟར་མཐའ་འཁྱོལ། “སྤུས་ལེགས་གཅིག་དང་མཐོ་བ་གཉིས”ལ་འབད་པ་ཆེར་བསྐྱེད་ཀྱིས་སྐུལ་འདེད་བཅས་བྱས་ཏེ། དེ་བས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་པར་ལག་རྗེས་དེ་ལས་ལྷག་པ་འཇོག་ཐུབ་པར་རེ་བ་ཆེན་པོ་བཅངས་པ་རེད།

ཁོན་ཐར་འཚོས་བསྒྱུར།