ལོ་ངོ700ཡི་ལོ་རྒྱུས་ཡོད་པའི་དགོན་སྡེ་རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ་གྲས་ནས་ཕྱིར་བུད་པ།

ཉེ་ལམ་སུའུ་ཀྲོའུ་ས་ཆའི་ཞི་ཡུན་དགོན་པས་རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་རྒྱུ་ཁུལ་གྱི་གྲས་ནས་མ་བསྐུལ་རང་རྟོགས་སྒོས་ཕྱིར་བུད་པའི་གནས་ཚུལ་གང་སར་ཁྱབ་ཅིང་། དྲ་གྲོགས་མང་པོས་རང་རྟོགས་ཀྱིས“ཕྱིར་འབུད་པ”ངོ་མས་མཐོང་དཀོན་པོ་རེད་ཟེར།

པེ་ཅིང་གཞོན་ནུ་ཚགས་པར་ཁང་གི་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཞི་ཡུན་དགོན་པས་ད་ལོའི་ཟླ་དྲུག་པའི་ནང་གོང་རིམ་སྡེ་ཚན་ལ་མཛེས་ལྗོངས་ཁུལ4Aརིམ་པ་ནས་ཕྱིར་འབུད་རྒྱུ་རེ་ཞུ་ཕུལ་མ་ཐག ཟླ་དེར“སྒོ་བྱང”བླངས། ཞི་ཡུན་དགོན་པའི་འབྲེལ་ཡོད་འགན་འཁུར་པས། ལོ་འདི་དག་རིང་ལ་དགོན་པར་མཇལ་སྐོར་དུ་ཕེབས་མཁན་དད་ལྡན་མང་ཚོགས་མང་ཤོས་ས་གནས་རང་གི་མང་ཚོགས་རེད། དགོན་པས་མ་འོངས་པ་ན་ཡུལ་སྐོར་གནས་མཇལ་བ་ཡོངས་རིན་མེད་ཀྱིས་བསུ་རྒྱུ་ཡིན་ཟེར།

ཉེ་ལམ《སུའུ་ཀྲོའུ་ཞི་ཡུན་དགོན་པས་རང་རྟོགས་ཀྱིས་རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་ཁུལ་ལས་ཕྱིར་འབུད་རྒྱུའི་སྙན་ཞུ་སྐོར་གྱི་གསལ་བཤད》ཅེས་པ་འདི་སུའུ་ཀྲོའུ་ས་གནས་ཀྱི་མང་ཚོགས་ནང་ལམ་སེང་ས་ཁྱབ་རྡོ་ཁྱབ་ཏུ་སོང་། གསལ་བཤད་དེའི་ནང་དགོན་པའི་འཕེལ་རྒྱས་དང་བྱེད་ནུས་སྙོམས་སྒྲིག་གི་བབ་དང་བསྟུན་ནས་ཞི་ཡུན་དགོན་པས2018ལོའི་ཟླ6པར་གོང་རིམ་སྡེ་ཚན་ལ་རྒྱལ་ཁབ་ཀྱི་4Aརིམ་པའི་ལྗོངས་ཁུལ་ལས་རང་རྟོགས་ཀྱིས་ཕྱིར་འབུད་རྒྱུ་ཞེས་སྙན་ཞུ་ཞུས་ཤིང་། ད་སྔ་སྙན་ཞུ་དེ་འབྲེལ་ཡོད་སྡེ་ཚན་ནས་ཆོག་མཆན་ཐོབ་ཡོད་ཅེས་བརྗོད་འདུག

གནས་ཚུལ་དེ་དྲ་ཐོག་ནས་བསྒྲགས་མ་ཐག་ཏུ་དྲ་གྲོགས་མང་པོ་ཁྲི་མ་འབུམ་གྱིས་དེ་ལ་དོ་སྣང་བྱས་ཤིང་།དེ་ལས་སྐོར་ཞིག་གིས་ད་ཆ་དགོན་པ་ཧ་ཅང་མང་པོ་ལྟ་སྐོར་བྱེད་སར་ཁོ་ནར་གྱུར་ནས་ཚོང་ལས་ཀྱི་ཁ་དབུགས་སྟུག་པོ་ཞིག་ཆགས་ཡོད་པས་ཞི་ཡུན་དགོན་པ་ལྟ་བུ་ཧ་ཅང་ཉུང་ཉུང་རེད་ཅེས་བཤད་འདུག

དགོན་པ་འདི་ནི་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་ཡོད་པ་དང་། ཡོན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་ཤིང་། ཐོག་མའི་མཚན་ལ་ཀུའེ་ཡུན་དགོན་པ་ཟེར། ད་བར་དུ་ལོ་ངོ་བདུན་རྒྱ་ལྷག་གི་ལོ་རྒྱུས་ལྡན། 1982ལོར་ཞི་ཡུན་དགོན་པ་དེ་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཅང་སུའུ་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་བླངས་པ་ཁྱབ་བསྒྲགས་བྱས། 2006ལོར་རྒྱལ་ཡོངས་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྤུས་ཚད་རིམ་པའི་དཔྱད་འབེབས་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་ལ་ཕབ།

ཞིང་ཆེན་དེའི4Aརིམ་པའི་ལྗོངས་ཁུལ་གྱི་བདག་གཉེར་ལས་ཁུངས་ཅང་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞི་ཡུན་དགོན་པའི“ཕྱིར་འབུད”ཀྱི་བྱ་སྤྱོད་དེ་ལ་བར་འདུག་གི་རྣམ་འགྱུར་ལས་གཞན་ཅི་ཡང་མེད། ཐིང་དེའི་ལས་བྱེད་པས་ངོ་སྤྲོད་ལྟར་ན། ད་ལོའི་ཟླ་དྲུག་པར་ང་ཚོར་ཞི་ཡུན་དགོན་པས་བཏོན་པའི་རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་ཁུལ་ནས་ཕྱིར་འབུད་རྒྱུའི་སྙན་ཞུ་འབྱོར་རྗེས། ཟླ་བ་དེའི་ནང་སྒོ་བྱང་བླངས་པ་ཡིན། གནས་ཚུལ་འདི་ལྟ་བུ་སྔོན་ཆད་བྱུང་བའི་དཔེ་ཡོད་ཀྱང་མང་པོ་མེད་པས་དཔེ་ཐོག་མ་རུ་འགྲོ་མི་སྲིད་ཟེར།

ད་ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ཞི་ཡུན་དགོན་པའི་པ་སེ་རིན་གོང་སྒོར20ནས་སྒོར་5མར་ཆག དགོན་པའི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་ལྟར་ན། པ་སེའི་རིན་གོང་སྒོར་ལྔ་ནི་མཆོད་བྱའི་མེ་ཏོག་དང་སྤོས་ཀྱི་རིན་པ་ཙམ་ཡིན། ད་ཆ་དགོན་པས་དད་ལྡན་པར་རིན་མེད་ཀྱིས་སྤོས་རྐང་གསུམ་སྟེར་བ་ཡིན། ལོ་ན60ཡན་གྱི་བགྲེས་པོ་ལ་པ་སེ་མི་ལེན་པ་བྱས་ཡོད། འདི་ལྟར་བྱེད་དོན་ནི་བདུག་སྤོས་མང་པོ་བསྒྲོན་ན་ཁོར་ཡུག་ལ་གནོད་འགྲོ་བར་དོགས་པ་ཡིན།དགོན་པས་ངོས་ནས་དད་ལྡན་མང་ཚོགས་ཀྱིས་སྤོས་བསྒྲོན་དུས་གུས་པ་དང་བཅས་མཆོད་འབུལ་གནང་རྒྱུ་ཧ་ཅང་གལ་ཆེ་བ་དང་། རབ་ཡིན་ན་ཕྱི་ནས་མཆོད་མེ་དང་བདུག་སྤོས་མ་འཁྱེར་ན་བཟང་བའི་འབོད་སྐུལ་གནང་ཡོད་ཟེར།

འགན་འཁུར་བ་དེས་འདི་སྐད། ཡུལ་སྐོར་གནས་མཆོག་དང་བསྡུར་ན། ཞི་ཡུན་དགོན་པར་མི་ཚོགས་ཆེས་མང་པའི་དུས་ནི་ལོ་རེའི་ཟླ་དང་པོའི་ཚེས་གཅིག་ཉིན་དང་། ཚེས་བཅོ་ལྔ་གཉིས་ཡིན་པ་ལས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་གུང་གསེང་གི་སྐབས་མིན། དེ་བས་སྙོམས་སྒྲིག་ཅི་བྱས་ཀྱང་དགོན་པར་ཕེབས་མཁན་གྱི་སྐུ་མགྲོན་ལ་ཕལ་ཆེར་ཤུགས་རྐྱེན་ཆེན་པོ་ཐེབས་མི་ཐུབ་ལ། དུས་ཐུང་ཐུང་ནང་ཡུལ་སྐོར་བ་ཇེ་མང་དུ་ཡང་འགྲོ་མི་སྲིད་ཅེས་ཟེར།

རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་ཁུལ་གྲས་ནས་ཕྱིར་བུད་རྗེས། དུས་ཡུན་ཐུང་ཐུང་ནང་པ་སེ་རིན་གོང་སོར་འཇོག་བྱ་རྒྱུ་ཡིན་མོད། མ་འོངས་པ་ན་རིན་མི་ལེན་པར་སྐུ་མགྲོན་བསུ་བའི་ངེས་པ་ཆེ་ཞེས་ཞི་ཡུན་དགོན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།

ཁོན་ཐར་འཚོས་བསྒྱུར།