ཐེན་ཅིན་གྲོང་ཁྱེར་མཚོ་རྒྱུད་གསར་སྤེལ་ས་ཁུལ་གྱི་འཐུས་ཚབ་ཚོགས་པ་རང་ཞིང་གི་རྨ་ལྷོ་ཁུལ་དུ་འོངས་ནས་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ11པའི་ཚེས9ནས་ཚེས10ཉིན་བར་ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་རྒྱུན་ཨུ་དང་མཚོ་རྒྱུད་གསར་སྤེལ་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཡུས་ཀྲའོ་ཡིས་ཐེན་ཅིན་གྲོང་ཁྱེར་མཚོ་རྒྱུད་གསར་སྤེལ་འཐུས་ཚབ་ཚོགས་པ་ཁྲིད་དེ་རྨ་ལྷོ་ཁུལ་དུ་ཡོང་ནས་བྱ་བར་རྟོག་ཞིབ་བྱས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་དབྱིས་པའོ་ཡིས་ཁོ་ཚོར་འགྲོ་རོགས་བྱས། འཐུས་ཚབ་ཚོགས་པས་སྔ་གཞུག་ཏུ་ཡུལ་དངོས་ལ་རྟོག་ཞིབ་བྱས་ཏེ་རེབ་གོང་རྫོང་སྒོ་དམར་སྡེ་བའི་འཕྲོད་བསྟེན་ཁང་དང་རྫོང་བྱིས་སྐྱོང་གླིང་གཉིས་པ་སོགས་ཀྱི་འཛུགས་སྐྲུན་རོགས་སྐྱོར་ལས་གཞི་ལ་རྟོག་ཞིབ་བྱས། དེར་མཐུད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་པ་དང་ཐེན་ཅིན་གྲོང་ཁྱེར་མཚོ་རྒྱུད་གསར་སྤེལ་གྱིས་རྨ་ལྷོའི་མཐོ་འབྲིང་འཛིན་གྲྭ་འཛུགས་པའི་བྱེད་སྒོ་དང་དངོས་ཟོང་ཞལ་འདེབས་སུ་ཕུལ་བའི་མཛད་སྒོ་སྤེལ། མཚོ་རྒྱུད་གསར་སྤེལ་ས་ཁུལ་གྱི་བདག་དོམ་ཨུ་ཡོན་ལྷན་ཚོགས་དང་ཚྭ་འདམ་གཞོང་དཔལ་འབྱོར་འཁོར་སྐྱོད་ཚོད་ལྟའི་ས་ཁུལ་གྱི་བདག་དོམ་ཨུ་ཡོན་ལྷན་ཚོགས་གཉིས་ཀྱིས་གྲོས་མཐུན་མཉམ་ལས་ཀྱི་གན་རྒྱ་ལ་མིང་རྟགས་བཀོད་པ་རེད།

ཀྲང་ཡུས་ཀྲའོ་ཡིས་བསྟན་དོན། རྨ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་སྤྱིའི་དགོས་འདོད་ཀྱི་བླང་བྱ་གཞིར་བཟུང་སྟེ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་སྔ་ན་མེད་པ་ཞིག་བླངས། རྨ་ལྷོ་སོག་རྫོང་གིས་ཐོག་མར་སྣེ་ཁྲིད་དེ་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་པའི་བགྲོད་ལམ་གསར་བ་ཞིག་གསར་འབྱེད་བྱས། བསམ་གཞིག་ལེགས་པོ་དང་ཉམས་མྱོང་ལེགས་པོ། སྒྲུབ་སྟངས་ལེགས་པོ་སོགས་ལ་ང་ཚོས་དངོས་ནས་སློབ་སྦྱོང་བྱེད་རན་ཡོད་པ་རེད། རྨ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐེན་ཅིན་གྲོང་ཁྱེར་ལ་སྤྲད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། ཐེན་ཅིན་གྱིས་ངེས་པར་དུ་ཕྲག་ལ་ལེན་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན། དེ་ཡང་ཆེས་མཐོ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོས་མཚོ་སྔོན་གྱི་རོགས་སྐྱོར་བྱ་བར་སྐུལ་འདེད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྐབས་དྲུག་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་དང་ཤར་ནུབ་ས་ཁུལ་གྱི་དབུལ་སྐྱོར་གྲོས་མཐུན་བྱ་བའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐིལ་ཕྱིན་པ་བྱས་ཏེ། ནན་ཏན་སྒོས་ཉམས་མྱོང་ལ་ཕྱོགས་སྡོམ་དང་མུ་མཐུད་དུ་ནུས་ཤུགས་རིམ་སྤར་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་ཡོངས་ཁྱབ་ཅན་དང་རིམ་པ་སྣ་མང་ཅན། བསླངས་གཟུགས་རྣམ་པ་བཅས་ཀྱི་སྒོ་ནས་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་གནས་བབ་གསར་བ་ཞིག་ཆགས་སུ་བཅུག དངོས་ཡོད་རང་བཞིན་གྱི་བྱེད་ཐབས་ལ་བརྟེན་ནས་མཚོ་སྔོན་གྱི་རོགས་སྐྱོར་བྱ་བར་སྐུལ་འདེད་བྱས་ཤིང་དབུལ་སྐྱོར་མཁྲེགས་གཏོར་གྱི་ཁ་ཕྱོགས་གཏན་ཁེལ་བྱས་ཏེ། རོགས་སྐྱོར་འཆར་འགོད་ནན་ཏན་སྒོས་སྤེལ་ཏེ་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་འཐུས་ཚང་ཅན་ཏུ་བཏང་། དོན་དངོས་གཞིར་བཞག་གིས་བསམ་བློ་བརྗེ་རེས་ལ་སྐུལ་འདེད་དང་མཚོ་སྔོན་གྱི་རོགས་སྐྱོར་བྱ་བའི་ཚད་གཞི་ལ་སྐུལ་འདེད་བྱེད་པ། མཉམ་སྤྱོད་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་སྤྱི་ཚོགས་བརྟན་འཇགས་ལ་འགེབས་སྲུང་། སྐྱེ་ཁམས་བདེ་འཇགས་ལ་འགན་བཅོལ་བྱས་ཏེ་ཚད་མཐོན་པོའི་སྒོ་ནས་ལམ་ལ་ཆས་པ། མཚོ་སྔོན་གྱི་རོགས་སྐྱོར་ཁྱབ་ཁོངས་གསར་བ་གཏིང་ཟབ་དུ་སྤེལ་ནས་མཚོ་སྔོན་ལ་རོགས་སྐྱོར་གྱི་གནས་བབ་གསར་བ་ཞིག་ཆགས་པར་སྐུལ་འདེད་བྱས་ཡོད།

ཝང་དབྱིས་པའོ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཐེན་ཅིན་གྲོང་ཁྱེར་དང་མཚོ་རྒྱུད་གསར་སྤེལ་ས་ཁུལ་གྱིས་ལོ་མང་པོའི་རིང་ལ་རྨ་ལྷོ་ཁུལ་དུ་ཕངས་སེམས་མེད་པའི་སྒོ་ནས་རོགས་སྐྱོར་གནང་བར་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཞུས་པ་རེད། ཁོས་བསྟན་དོན། ཐེན་ཅིན་གྲོང་ཁྱེར་མཚོ་རྒྱུད་གསར་སྤེལ་ས་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཁ་གཏད་རོགས་སྐྱོར་བྱ་བའི་དགོས་འདོད་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། དོན་དངོས་ཐོག་ཏང་ཀྲུང་དབྱང་གིས་སྤྲད་པའི་ཁ་གཏད་རོགས་སྐྱོར་གྱི་ཆབ་སྲིད་འགན་འཁྲི་དེ་ཕྲག་ཏུ་བླངས་ཡོད། དེ་མིན་ལས་བྱེད་པ་དང་དངོས་ཤུགས། རྒྱུ་ཤུགས། བློ་རིག་དང་འཇོན་ནུས་སོགས་ཕྱོགས་གང་མང་ཞིག་ནས་རྨ་ལྷོ་ཁུལ་ལ་རོགས་སྐྱོར་གལ་ཆེན་བྱས་ཏེ་རྨ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། ཕྱི་ཕྱོགས་སྒོ་འབྱེད་བཅས་ཀྱི་ཐད་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད། མཚོ་སྔོན་གྱི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་ཏུ་བྱས་ཏེ། ཁ་གཏད་རོགས་སྐྱོར་མཉམ་འབྲེལ་དེ་འཐབ་ཇུས་ཆེན་པོའི་ངོས་འཛིན་གཏིང་ཟབ་དུ་བྱས་ཤིང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་སུ་བཏང་། དེ་མིན་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་བྱ་བའི་རང་འགུལ་རང་བཞིན་ཆེས་ཆེར་བཏང་བ་དང་ཁ་གཏད་རོགས་སྐྱོར་བྱ་བའི་སྟེགས་བུ་ཆེན་མོ་སྒྲིག་འཛུགས་སྒོས་བྱ་བའི་དངོས་ཡོད་རང་བཞིན་ཆེས་ཆེར་བཏང་། ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་ཏང་སྲིད་གཙོ་བོའི་འགོ་ཁྲིད་ཀྱི་ངོས་འཛིན་དང་བླང་བྱ་ལྟར་དབུལ་ཐར་མཁྲེགས་གཏོར་དང་ཤེས་རིག་གི་རོགས་སྐྱོར། ཐོན་ལས་མཉམ་འབྲེལ། སྒྲིག་གཞི་འཐུས་ཚང་། བྱ་བ་དངོས་ལག་བསྟར་བྱེད་པ་བཅས་དམ་འཛིན་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།