རང་རེའི་ཞིང་ཆེན་གྱིས་ཚན་རྩལ་ཁྱབ་ཁོངས་ཀྱི“ སྒོ་འབྱེད། དོ་དམ། ཞབས་ཞུ” བཅས་ཀྱི་བཅོས་སྒྱུར་དོན་ཚན་ཉི་ཤུ་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རྒྱལ་སའི་ཐོན་ཁུངས་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་ཆུ་བེད་ཐིང་། ཞིང་ཆེན་ཞིང་འབྲོག་ཐིང་། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས11 གིས་མཉམ་འབྲེལ་ཐོག《 མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁྱབ་ཁོངས་ཀྱི“སྒོ་འབྱེད། དོ་དམ། ཞབས་ཞུ། ” བཅས་ཀྱི་བཅོས་སྒྱུར་དོན་ཚན་ཉི་ཤུ( གནས་སྐབས་ལག་བསྟར)》བཟོས་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག་ཞིབ་འཇུག་གྲོས་འཆམ་བྱུང་བ་རེད།

བཅོས་སྒྱུར《དོན་ཚན་ཉི་ཤུ》བསྡོམས་པའི་ཁག་ལྔ་ལ་དབྱེ་ཡོད། ལས་གཞི་རེ་ཞུའི་ཚད་གཞི་དམའ་རུ་བཏང་བ་དང་། ལས་གཞི་ཁོངས་སུ་འཇུག་རྒྱུའི་ཞིབ་དཔྱད་མ་ལག་འཐུས་ཚང་དུ་གཏོང་བ། ལས་གཞི( གྲོན་དངུལ) དོ་དམ་དང་ཞིབ་བཤེར་རྩིས་ལེན་ལེགས་སུ་གཏོང་བ། ཚན་ཞིབ་མི་སྣ་དང་ལས་གཞི་སྒྲུབ་འགན་འཁུར་བའི་ལས་ཁུངས་ལ་སྔར་ལས་ཆེ་བའི་ཚན་ཞིབ་ཀྱི་རང་བདག་དབང་ཆ་སྤྲད་པ། གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་པ་ཕྱོགས་ལྔའི་ཐད་ནས་བཅོས་སྒྱུར་བྱ་ཐབས་ཁག་ཉི་ཤུ་བཏོན་ནས། གསར་གཏོད་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཏེ། གསར་དུ་གཏོད་པའི་གཙོ་ཤུགས་དང་ཚན་ཞིབ་མི་སྣའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་པ།

ཞིང་ཆེན་ཚན་རྩལ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་། ཐིང་ཀྲང་མའོ་ཁྲུང་མིང་གིས་ངོ་སྤྲོད་བྱས་པར་ལྟར་་ན། 《བཅོས་སྒྱུར་དོན་ཚན་ཉི་ཤུ》གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་ཞིང་དམིགས་སའི་རང་བཞིན་ཆེ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཙུང་ལི་ལི་ཁུ་ཆིང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཐེངས་མང་པོར་ནན་བཤད་གནང་དོན་དང་། ཚན་ཞིབ་མི་སྣས་གླེང་ཆེ་བའི་ལས་གཞིའི་འགྲོ་གྲོན་དོ་དམ་དཀའ་སྡུག་ཆེ་བ། རང་བདག་དབང་ཆ་ཅུང་ཆུང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། བྱེད་ཐབས་སྤྱད་དེ་གནད་དོན་ཅི་ཞིག་ཐག་གཅོད་བྱེད་ཐུབ་ན་གནད་དོན་དེ་ཐག་གཅོད་བྱ་རྒྱུ་དང་། ཡིད་ཆེས་ནི་སྔོན་འགྲོའི་ཆ་རྐྱེན་བྱས་ཏེ་བཅོས་སྒྱུར་བྱེད་ཤུགས་ཆེ་རུ་གཏང་དགོས་ཟེར།

རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱིས“ སྒོ་འབྱེད། དོ་དམ། ཞབས་ཞུ” བཅས་ཀྱི་བཅོས་སྒྱུར་གྱི་སྤྱིའི་བཀོད་སྒྲིག་ལྟར། སྔོན་སླ་རྗེས་དཀའི་རྩ་དོན་གཞིར་བཟུང་སྟེ། ཐེངས་འདིར་གནས་སྐབས་ཀྱི་ལག་བསྟར་བྱ་ཐབས་དོན་ཚན་ཉི་ཤུའི་སྔོན་ལ་བཏོན་ཏེ། ཕྱིན་ཆད་རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་གནས་བབ་གསར་པ་དང་བླང་བྱ་གསར་པར་ཟུང་འབྲེལ་བྱ་རྒྱུ། བསྟུད་མར་འབྲེལ་ཡོད་བཅོས་སྒྱུར་བྱེད་ཐབས་གཏན་འབེབས་དང་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།