རང་ཞིང་གིས་ནགས་ཚལ་སྤྱི་གླིང23བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ནགས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་རྩ་ཆེན་རིགས་སྲུང་སྐྱོབ་དང་། མང་ཚོགས་ཀྱི་ལྗོངས་ཕྱིའི་ཡུལ་སྐོར་གྱི་དགོས་མཁོ་བསྐང་བའི་ཆེད་དུ། རང་ཞིང་གིས་སྣོད་བཅུད་སྲུང་སྐྱོང་གི་རྨང་གཞིའི་ཐོག ཆ་རྐྱེན་ཅུང་འཛོམས་པོའི་ནགས་སར་ནགས་ཚལ་སྤྱི་གླིང་བཙུགས་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་སུ་བཏང་། ལོ་དུ་མའི་འཕེལ་རྒྱས་ལ་བརྟེན་ནས་རང་ཞིང་ལ་ད་སྔ་ནགས་ཚལ་སྤྱི་གླིང23ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིངས544800ཡོད་པ་རེད། དེ་བཞིན་དུ་ནགས་ཚལ་དང་ན་འདམ་སྤྱི་གླིང་། རང་བྱུང་སྲུང་སྐྱོང་ཁུལ། རྒྱལ་ཁོངས་ནགས་ཚལ་བཅས་ལ་གཞི་བཅོལ་པའི་སྣོད་བཅུད་ཡུལ་སྐོར་ཡང་རང་ཞིང་གི་ཡུལ་སྐོར་ལས་རིགས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

སྟོན་དུས་ནི་ཤན་མེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཛེས་སྡུག་ངོམ་པའི་དུས་ཚིགས་ཡིན་ཞིང་། ག་ས་གང་དུ་རྨི་ལམ་གྱི་ཞིང་ལ་འགྲན་པའི་སྣང་བ་སྟེར་ཡོང་བས། ཡུལ་སྐོར་བ་མང་པོ་བཀུགས་ཡོད་པ་རེད།

ད་སྔ་རང་ཞིང་གི་རྨ་ཆུ་དང་ཙོང་ཆུའི་གཤོང་སའི་ནགས་ཚལ་སྤྱི་གླིང་གིས་སྟོན་གྱི་མཛེས་ཉམས་ལ་རོལ་བའི་དུས་བཟང་བསུས། ཟླ10བའི་ཚེས28ཉིན་གསར་འགོད་པ་ཧོར་གྲོང་རྫོང་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་འགྲོ་བའི་ལམ་དུ། སྟོན་གྱི་མཛེས་ལྗོངས་ལ་རོལ་བའི་ཡུལ་སྐོར་བ་གང་སར་མཐོང་ཐུབ་ཀྱི་ཡོད། ལྗོངས་ཁུལ་གྱི་ཞིང་ཁྱིམ་གསོལ་ཁང་གཉེར་མཁན་གྱི་འགན་འཁུར་བ་ཞིག་གིས་གསར་འགོད་པར། ཉིན་འདི་གཉིས་ལ་ནམ་ཟླ་ཅུང་བཟང་བས་བྱང་རི་རྒྱལ་ཁབ་སྤྱི་གླིང་དུ་ལྗོངས་རྒྱུ་ལ་ཕེབས་མཁན་སྐུ་མགྲོན་ཇེ་མང་དུ་སོང་ཡོད། སྐུ་མགྲོན་ཇེ་མང་དུ་སོང་ཚེ་ཁོ་བོ་ཚོས་ཚོང་ཁེ་ཡང་ཉིན་རེར་ཇེ་བཟང་རེད་ཟེར།

གཞི་གྲངས་ལྟར་ན། ན་ནིང་ལོར་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི359.6སྣེ་ལེན་བྱས་ཤིང་། སྤྱིའི་ཡོང་འབབ་སྒོར་ཁྲི11730.5ལ་སླེབས། དེའི་ནང་པ་སེའི་ཡོང་འབབ་སྒོར་ཁྲི3312.5ཡིན་པ་དང་། ཟས་སྡོད་ཡོང་འབབ་སྒོར་ཁྲི2706། རོལ་རྩེད་ཡོང་འབབ་སྒོར་ཁྲི929བཅས་ཡིན་ལ། དེ་ལས་ཡོང་འབབ་གཞན་ལ་སྒོར་ཁྲི4783ཡོད་པ་རེད། རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གཙོ་བྱས་པའི་སྣོད་བཅུད་ཡུལ་སྐོར་ལས་རིགས་དེ་རང་ཞིང་གི་ཡུལ་སྐོར་ལས་རིགས་འབབ་འཕར་ཡོང་བའི་ཐབས་ལམ་གཙོ་བོར་གྱུར་ཡོད་པ་རེད།

ཉེ་བའི་ལོ་ཚུན་ལ། རང་ཞིང་གིས་ནགས་ཚལ་ཡུལ་སྐོར་སྤྲོ་གསེང་བྱེད་ས་བསྐྲུན་ནས་ཞབས་ཞུ་བྱེད་ནུས་ཆེར་བསྐྱེད་བྱས། ད་སྔ་ནགས་ཚལ་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཡུལ་སྐོར་གྱི་སྒྲིག་ཆས་ཅུང་འཐུས་ཚང་བའི་ཧོར་གྲོང་བྱང་རི་སོགས་ནགས་ཚལ་སྤྱི་གླིང་ལྔ་རང་ཞིང་གི་ནགས་ཚལ་ཡུལ་སྐོར་སྤྲོ་གསེང་རྟེན་གཞི་སྐོར་ཐོག་མར་བདམས་ཚར་བ་མ་ཟད། 《མཚོ་སྔོན་ཞིང་ཆེན་ནགས་ཚལ་ཡུལ་སྐོར་སྤྲོ་གསེང་རྟེན་གཞི་འཛུགས་སྐྲུན་ཇུས་གཞི》བཟོས་ཤིང་ལག་བསྟར་བྱས་ཏེ། སྤྱི་གླིང་དེ་ལྔ་བོ་རྣམ་པ་སྣ་ཚོགས་ཤིང་། ཁྱད་ཆོས་འབུར་དུ་ཐོན་པའི་ནགས་ཚལ་ཡུལ་སྐོར་སྤྲོ་གསེང་རྟེན་གཞི་རུ་བཏང་ནས་རང་ཞིང་གི་ནགས་ཚལ་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འཁྲིད་ཀྱི་ནུས་པ་འདོན་ཐུབ་པའི་སྣེ་འཁྲིད་དུ་བསྒྱུར་བའི་འཆར་གཞི་ཡོད་པ་རེད།

ནགས་ཚལ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་ཚད་ལྡན་དུ་གཏང་ཆེད། རང་ཞིང་གིས་ནགས་ཚལ་སྤྱི་གླིང་ལྟ་སྐུལ་དོ་དམ་གྱི་ལས་ལ་ནུས་ཤུགས་གང་ཡོད་བཏོན་ཏེ། གནད་དོན་མཐོང་མ་ཐག་རྩད་གཅོད་དང་དག་ཐེར་ལེགས་པོ་བྱས་ནས་ནགས་ཚལ་སྤྱི་གླིང་གི་ལྟ་སྐུལ་ཞིབ་བཤེར་རྒྱུན་འཇགས་སུ་བཏང་ཡོད། དེ་དང་ཆབས་ཅིག་ཏུ་ནགས་ཚལ་སྤྱི་གླིང་སོ་སོས་ལྗོངས་ཁུལ་གྱི་བདེ་འཇགས་དོ་དམ་སོགས་སྒྲིག་སྲོལ་སྒྲིག་ལམ་ཁག་ཞིབ་ཆ་དང་ལྡན་པ་ཞིག་བཟོ་བར་སློབ་སྟོན་དང་། ལྗོངས་ཁུལ་གྱི་དོ་དམ་བྱེད་ཐབས་སོགས་བཟོ་བཅོས་ཆ་ཚང་བ་ཞིག་བྱས་ནས་ནགས་ཚལ་སྤྱི་གླིང་གི་ལས་ཕྱོད་ལམ་ལུགས་བཙུགས་པ་དང་། ཚན་རིག་དང་མཐུན་པའི་དོ་དམ་གྱི་ཆུ་ཚད་ཇེ་མཐོར་བཏང་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།