མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དངོས་སུ་བཙུགས་པ།

ཟླ10པའི་ཚེས30ཉིན་མི་དམངས་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། ཟླ10པའི་ཚེས29ཉིན། ཀན་སུའུ་ལན་གྲུ་ནས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཤིང་། དེ་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ལས་དོན་དེ་འཛུགས་སྐྲུན་གྱི་རིམ་པ་གསར་པ་ཞིག་ཏུ་སླེབས་པ་མཚོན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་། ཅུའུ་ཀྲང་ཀྲང་ཅིན་ལོང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ཐང་རིན་ཅིན་གཉིས་ཀྱིས་ལྷན་དུ་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་སྒོ་བྱང་བཀལ་བ་རེད།

མདོ་ལ་རིང་མོ་ནི་རང་རྒྱལ་གྱི་ནུབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། རྨ་ཆུའི་འབབ་རྒྱུད་ཀྱི་ཆུའི་འབྱུང་ཁུངས་གལ་ཆེན་དང་། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་སྤེལ་གྱི་མངའ་ཁོངས་རེད། ལམ་ལུགས་ཚོད་ལྟ་བྱ་བའི་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི5.02ཡོད་ཅིང་། དེ་ལ་ནགས་ཚལ་དང་། རྩྭ་ཐང་། ཐང་རྒོད། ན་འདམ་བཅས་སྣོད་བཅུད་མ་ལག་ཅི་རིགས་འདུས། དེ་ལས་ཀན་སུའུ་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.44ཡོད་ཅིང་།རྒྱལ་ཁབ་སྤྱི་གླིང་སྤྱིའི་རྒྱ་ཁྱོན་གྱི68.5%ཟིན་པ་དང་། ཁོངས་སུ་སུའུ་པེ་དང་། སུའུ་ནན། ཨ་ཁེ་སའེ། ཀྲུང་གོའི་ཞིང་ལས་འཕེལ་རྒྱས་སྡེ་ཤོག་ཀུང་སིའི་ཁོངས་གཏོགས་ཧྲན་ཏན་རྟ་ར་སོགས་རྫོང(ས་ཁུལ་དང་ར་བ)དང་། ཀན་སུའུ་ཁོངས་ཀྱི་མདོ་ལ་རིང་མོའི་རི་རྒྱུད་དང་། ཚྭ་རྫིང་ཁུག་སོགས་སྲུང་སྐྱོབ་ཁུལ་འདུས། མཚོ་སྔོན་ཁོངས་སུ་གཏོགས་པའི་མདོ་ལའི་རིང་མོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.58ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་གྱི31.5%ཟིན། ས་ཁོངས་དེ་རྒྱ་མདོ་དང་། མདོ་ལ། ཐེམ་ཆེན། གཏེར་ལེན་ཁ་སོགས་རྫོང་དང་གྲོང་ཁྱེར་བཞི་དང་། ཤང་དང་གྲོང་རྡལ17། གྲོང་ཚོ60བཅས་ལ་འབྲེལ་ཞིང་། མཚོ་སྔོན་གྱི་མདོ་ལ་རིང་མོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ཞན་མེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། བར་ལྡུམ(黑河)ཆུ་འགོའི་རྒྱལ་ཁབ་ན་འདམ་སྤྱི་གླིང་སོགས་སྲུང་སྐྱོང་ས་ཁུལ་བཅས་འདུས་ལ། མཚོ་སྔོན་ཞིང་ཆེན་གྱིས་བསྐྲུན་པའི་རྒྱལ་ཁབ་སྤྱི་གླིང་གཉིས་པ་དང་། ད་སྔ་ཡོད་པའི་རྒྱལ་ཡོངས་ཀྱི་སྤྱི་གླིང་ཆེན་པོ་བཅུའི་ཡ་གྱལ་རེད།

ཤེས་གསལ་ལྟར་ན། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ལས་དོན་སྤེལ་ནས་བཟུང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་ཞིང་ཆེན་དང་ཁུལ་བཅས་ཀྱི་ཕན་ཚུན་རམ་འདེགས་ལ་བརྟེན་ནས། 《མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཇུས་གཞི》བཟོ་བའི་འོས་འགན་ལག་ལེན་མཐའ་འཁྱོལ་བྱས། ས་ཁོངས་ཀྱི་ས་མཚམས་དབྱེ་འབྱེད་དང་། རང་བྱུང་ཐོན་ཁུངས་ཀྱི་དངོས་གཞིར་རྟོག་ཞིབ། དབང་ཆ་གཏན་འཁེལ་ཐོ་འགོད། སྤྱི་ཁྱབ་ཀྱི་འཆར་འགོད། དོ་དམ་ལས་ཁུངས་སྒྲིག་འཛུགས་ལ་སོགས་པའི་ལས་ཀ་ཁག་གེགས་མེད་བདེ་བླག་ངང་བསྒྲུབས་པ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོང་ལ་སྔར་བས་གཟབ་ནན་དང་། སྣོད་བཅུད་སླར་གསོ་དང་སྣོད་བཅུད་མ་ལག་ལྟ་སྐུལ་ཚད་འཇལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཞི་གཙང་སེལ་དག་ཐེར་དང་། ཕྱོགས་བསྡུས་ཁྲིམས་བསྟར་ལ་ཤུགས་བསྣན་པ་སོགས་ཚོད་ལྟའི་ལས་དོན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཁྲུན་ལིང་གིས་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་འདི་སྐད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ལ་སྲུང་སྐྱོབ་བྱེད་ཐབས་ནན་མོ་དང་། སྲུང་སྐྱོང་ལམ་ལུགས་དམ་པོ་བཀོལ་ཏེ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱ་རྒྱུ་ཡིན་པས། མུ་མཐུད་ནས་གནད་དོན་ཁྲིད་སྟོན་དང་། བསམ་བློ་བཅོས་སྒྱུར་རྒྱུན་འཁྱོངས་བྱས་ཏེ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དེའི་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་དག་ཐེར་གྱི་ལས་ཀ་གོ་སྐབས་སུ་བཟུང་ནས་ལོ་རྒྱུས་ཀྱིས་ཤུལ་དུ་བཞག་པའི་གནད་དོན་རྣམས་ཐག་གཅོད་ཡག་པོ་དང་། སྣོད་བཅུད་སླར་གསོ་མ་དཔེ་ཁུལ་གཏོད་པར་འབད་འབུངས་བྱ་དགོས་པ་དང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ས་མཚམས་རྟོག་ཞིབ་དང་། བྱེད་ནུས་ས་མཚམས་དབྱེ་བ། རྡོ་རིང་འཛུགས་པ། དབང་ཆ་གཏན་འཁེལ་ཐོ་འགོད་བྱེད་པ། 《མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་སྤྱིའི་འཆར་འགོད》ཀྱི་སྒྲིག་ཁུངས་དང་། སྙན་ཞུ་མཆན་འགོད་ལ་སོགས་ཀྱི་ལས་ཀ་མགྱོགས་པོར་བསྒྲུབ་སྟེ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་འབྲེལ་ཡོད་སྲིད་ཇུས་དང་། བྱེད་ཐབས། སྒྲིག་རིམ་ལ་སོགས་བཟོས་ནས་ཚོད་ལྟའི་ལས་དོན་སྐས་རིམ་གསར་པ་ཞིག་ལ་བསྙེག་ཐུབ་པ་སྐུལ་སྤེལ་བྱ་དགོས། མཐར་ཆགས་ཅན་གྱི་ལྟ་སྐུལ་ཚད་འཇལ་དྲ་རྒྱའི་མ་ལག་མུ་མཐུད་ནས་འཐུས་ཚང་དུ་བཏང་སྟེ། གནམ་ས་བར་སྟོང་གཞི་གཅིག་ཅན་གྱི་སྣོད་བཅུད་ཁོར་ཡུག་ལྟ་སྐུལ་ཚད་འཇལ་དྲ་བ་བཙུགས་ནས་མཚོན་བྱེད་ཅན་གྱི་སྣོད་བཅུད་མ་ལག་དང་། ལྟེ་བར་གྱུར་བའི་ཆུ་ཁུངས་ས་ཁུལ་ལ་སོགས་གཙོ་བོར་བཟུང་ནས་ལྟ་སྐུལ་ཚད་འཇལ་བྱ་དགོས། ལྟ་བཤེར་ཁྲིམས་བསྟར་ལ་ཤུགས་བསྣན་ཏེ། རྐུ་འདོན། རྐུ་སྔོག རྐུ་རྔོན་ལ་སོགས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཚ་རྡུང་དྲག་པོ་བཏང་ནས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱ་དགོས་ཞེས་བསྟན་པ་རེད།

ཁོན་ཐར་འཚོས་བསྒྱུར།