མཚོ་སྔོན་དང་སི་ཁྲོན་གཉིས་ཀྱིས་མཉམ་ཤུགས་བཏོན་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་མཉམ་བསྐྲུན་བྱེད་པ།

གསར་འགོད་པས་རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། རྨ་འབྲི་རྫ་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་ཉེ་ལམ་སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནགས་ཚལ་སྤྱི་བདེ་ཅུའུ་བར་ལ་ས་མཚམས་མཉམ་འགོག་མཉམ་སྡོམ་གྱི་གྲོས་ཆིངས་བཞག་སྟེ། མཉམ་དུ་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཉན་པོ་གཡུ་རྩེ་དང་། རྡོ་ཁོག་ཆུ་ཚུད་པའི་སྲུང་སྐྱོང་ཁུལ་གསུམ་དང་སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རྔ་བ་རྫོང་དང་། ཛམ་ཐང་རྫོང་བཅས་ས་གནས་ས་མཚམས་བར་གྱི་སྤྱི་ཚོགས་བདེ་དོན་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་མཉམ་འགོག་ལ་ཤུགས་སྣོན་རྒྱུ་དང་། ས་མཚམས་ཀྱི་ས་གནས་སྲིད་འཛིན་གྱི་སྤྱི་ཚོགས་བདེ་སྐྱོང་དང་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་བཏང་ནས་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་དང་། རང་བྱུང་ཐོན་ཁུངས་དང་སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་ལ་འགན་ལེན་བཅས་བྱས་ནས་མཉམ་དུ་བདེ་འཇགས་ས་མཚམས་བསྐྲུན་རྒྱུ་བྱས་འདུག །

གྲོས་ཆིངས་ཀྱིས“སྲིད་འཛིན་ལ་མཐའ་ཡོད་ཀྱང་མཉམ་ལས་མཉམ་འགོག་ལ་མཐའ་མེད”ཅེས་པའི་རྩ་དོན་ལྟར། བདེ་འཇགས་ཁྱིམ་གཞིས་འཛུགས་སྐྱོང་དམིགས་ཡུལ་དང་། མཉམ་ལས་མཉམ་འགོག་ལ་ཤུགས་བསྣན་ནས་ཁྲིམས་འགལ་ཉེས་དོན་ལ་རྡུང་རྡེག་གཏོང་བ་བྱེད་ཐབས་སུ་བཟུང་སྟེ། ས་མཚམས་སུ“མཛའ་འབྲེལ། མཉམ་འགོག མཉམ་འདོམ། མཉམ་རྡུང”གི་ལས་ཀའི་ནང་རྐྱེན་ལམ་ལུགས་གསར་པ་དང་། བསམ་འཆར་མྱུར་བསྡུའི་ནང་རྐྱེན་ལམ་ལུགས་བཅས་བཙུགས་ནས་གློ་བུར་བའི་དོན་རྐྱེན་འདྲ་མིན་བྱུང་བར་འཕྲལ་ཐག་འཕྲལ་གཅོད་བྱ་རྒྱུ་དང་། གནས་ཚུལ་ཤེས་རྟོགས་ལ་ཤུགས་བསྣན་ཏེ། ས་མཚམས་དང་འབྲེལ་བའི་གྱོད་དོན་ལ་དུས་ཐོག་ནས་ཐེར་འདོན་ཞིབ་བཤེར་བྱས་ནས་ས་མཚམས་བརྒལ་བའི་ཉེས་ཅན་ལ་མཉམ་འབྲེལ་ཐོག་རྡུང་རྡེག་གཏང་རྒྱུ་དང་། ཤོ་རྡེའུ་རེའུ་མིག་ལས་འཇུག་འདྲའི་བསམ་བློ་དང“མཛའ་བརྩེ་ཨང་དང་པོ་དང་། མཉམ་ལས་ཨང་དང་པོ། རམ་འདེགས་ཨང་དང་པོ། ”ཡི་མཐུན་སྦྱོར་འདུ་ཤེས་ཆགས་སུ་བཅུག་སྟེ། ཕྱོགས་ཡོངས་ཀྱི་མཐུན་སྦྱོར་ལ་རྐང་བཙུགས་ནས་ལས་ཀ་ཕན་ཚུན་བར་ཁ་གསབ་བྱེད་ཕྱོགས་ཡོངས་འཕེལ་རྒྱས་ཡོང་བ་དང་། “གྱོད་དོན་བྱུང་ཉུང་བ་དང་། སྒྲིག་ལམ་ཡག་པ། མང་ཚོགས་ཀྱི་ཡིད་ཚིམ”པའི་ས་མཚམས་ཀྱི་སྤྱི་ཚོགས་བདེ་སྐྱོང་དམིགས་འབེན་མངོན་དུ་འགྱུར་བར་མཉམ་དུ་འབད་འབུངས་བྱ་རྒྱུ་བསྟན་ཡོད།

གྲོས་ཆིངས་ཀྱི་ནང་དོན་ལྟར། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་། ཆ་འཕྲིན་སྤེལ་རེས་ལ་ཤུགས་སྣོན། དམངས་ཁྲོད་ཀྱི་རྩོད་གཞི་དང་འགལ་བ་ཞིབ་བཤེར་ཐག་གཅོད། ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་ཐད་ཀྱི་བྱེད་སྒོ་ཟབ་སྤེལ། ས་མཚམས་བདེ་སྲུང་མཉམ་འགོག་གི་ལས་ལ་ཤུགས་སྣོན་བཅས་བྱས་ཏེ། ས་གནས་གཉིས་ཀྱི་ས་མཚམས་ས་ཁུལ་གྱི་དོ་དམ་དང་ཚོད་འཛིན་གྱི་གྲོས་མཐུན་འདོད་བློ་ལ་ཤུགས་རྒྱག་རྒྱུ་གསལ་པོར་བསྟན་པ་རེད།

ཁོན་ཐར་འཚོས་བསྒྱུར།