མ་འོངས་པར་མཚོ་སྔོན་བོད་ཁུལ་དུ་ཁྱད་ལྡན་གྲོང་རྡལ(གྲོང་ཁྱེར)འདི་ལྟར་བསྐྲུན་འཆར་འདུག

ཉེ་སྔོན་གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། རང་ཞིང་གིས《ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་དང་ཁྱད་ལྡན་གྲོང་ཁྱེར་ཆུང་ངུ་གསར་འཛུགས་ལག་བསྟར་བྱ་བའི་བསམ་འཆར》པར་འགྲེམས་བྱས་ཏེ། ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་གསར་འཛུགས་ལ་མུ་མཐུད་དུ་སྐུལ་སྤེལ་བྱ་འཆར་ཡོད་འདུག

གསར་འཛུགས་བྱ་བའི་མངའ་ཁོངས་གཙོ་བོ་ལ། “མདོ་ལ་ནས་ཧེ་ནན(河南)”བར་གྱི་ཤར་ངོས་དང་། ཙོང་ཆུ་འབབ་རྒྱུད། རྨ་ཆུ་འབབ་རྒྱུད་བཅས་སུ་མཉམ་འདུས་ཕན་ནུས་ཅན་ཀྱི་ཁྱད་ལྡན་(གྲོང་གསེབ)གྲོང་རྡལ་ཆུང་ངུ་དང་། འཐབ་ཇུས་ཐོག་ལག་ཟུང་བཞིན་འདེགས་སྐྱོར་གྱི་ནུས་པ་ཅན་ཟི་ལིང་ནས་མཚོ་ཤར་གྱི་གྲོང་ཁྱེར་ཚོགས་བསྐྲུན་འཆར་ཡོད་ཅིང་། དེ་ལ་ཐོག་མར་གསར་དར་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་ཡིག་ཚགས་མང་བཟོ་དང་། མངའ་ཁོངས་གསར་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བའི་འཕེལ་ཕྱོད་ལ་སྐུལ་འདེད་བྱ་འཆར་ཡོད་འདུག བར་ཁྱད་རང་བཞིན་དང་འདྲ་མཚུངས་རང་བཞིན་ལ་གཞིགས་ཏེ། ཚྭ་འདམ་གཞོང་དང་། མཚོ་སྔོན་པོའི་མཐའ་འཁོར། ཆུ་གསུམ་འགོ་ཁུངས་ས་ཁུལ་བཅས་ཀྱི་ཁྱད་ལྡན་གྲོང་ཁྱེར་ཆུང་ངུ་དང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་། ཁྱད་ལྡན་གྲོང་གསེབ་ཆུང་ངུ་བཅས་གསར་འཛུགས་ལ་བཀོད་པ་ལུགས་མཐུན་སྒོས་མཉམ་པོར་སྐུལ་སྤེལ་དང་། ཕན་ཚུན་བར་སྐུལ་སྤེལ་བྱས་ཏེ། ཚོད་ལྟ་བྱ་ཡུལ་གྱི་དཔེ་སྟོན་ནུས་པ་ལ་བརྟེན་ནས་ཁྱད་ལྡན་གྲོང་རྡལ་དང་གྲོང་གསེབ་རྣམས་རིམ་པ་བཞིན་དུ་མངའ་ཁོངས་ཀྱི་ཞིང་གྲོང་དར་སྤེལ་བྱ་བའི་སྟེགས་བུ་གལ་ཆེན་དུ་གཏང་རྒྱུ་དེ་རེད།

དེ་ཡང་ཐོག་མར་ཙོང་ཆུ་འབབ་ཁུལ་གྱི་མངའ་ཁོངས་ལ་གཙོ་བོ་ཟི་ལིང་དང་། མཚོ་ཤར་སོགས་ལན་ཀྲོའུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་ལས་མཚོ་སྔོན་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོ་ཡིན་ཞིང་། དེ་དག་ལ་གཞི་བཅོལ་ཏེ། མཐོ་སྒང་གི་སྐྱེ་དངོས་སྨན་རྫས་དང་། འོད་ཧྥུ་ལིས་གློག གློག་རྡུལ་ཚོང་སྟེགས། ངལ་ལས་ཕྱིར་གཏོང་། ལས་གཏོད་གསར་གཏོད། སེ་འདུས་ཞིང་ལས། བོད་ལུགས་ས་གདན་ཇུས་བཟོ། ཟངས་བཟོའི་ལག་རྩལ་དང་གནའ་ཁང་འཛུགས་སྐྲུན་སོགས་ཁྱད་ལྡན་ཐོན་ལས། དེ་མིན་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་དང་། དགུན་དུས་ཡུལ་སྐོར། མི་རིགས་གྲངས་ཉུང་གི་ཡུལ་གཤིས་གོམས་སྲོལ་ངོམ་སྟོན་ལ་སོགས་པའི་གསར་དར་ཡུལ་སྐོར་ཐོན་ལས་བཅས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཁྲིད་སྟོན་ནུས་པ་ཅན་གྱི་ཐོན་ལས་དགེ་མཚན་ཅན་དང་། རང་བྱུང་གི་ཆ་རྐྱེན་ཅུང་བཟང་པ། ས་ཁོངས་ཀྱི་དགེ་མཚན་གཟེངས་སུ་ཐོན་པ། འགྲིམ་འགྲུལ་འགྲོ་འོང་སྟབས་བདེ་བ། ཞབས་ཞུ་བྱེད་ནུས་འཐུས་ཚང་བའི་ཁྱད་ལྡན་གྲོང་རྡལ(གྲོང་ཁྱེར)ཆུང་ངུ་སྐོར་ཞིག་བསྐྲུན་རྒྱུ་རེད་འདུག

རྨ་ཆུ་འབབ་ཁུལ་གྱི་མངའ་ཁུངས་ལ། གཙོ་བོ་མཚོ་ཤར་གྲོང་ཁྱེར་གྱི་བ་ཡན་རྫོང་དང་། ཡ་རྫི་རྫོང་། གཞོང་ཐང་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་། རེབ་གོང་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་། ཁྲི་ཀ་རྫོང་སོགས་འདུས་ཤིང་། དེ་དག་གི་འགྲིམ་འགྲུལ་དང་། ཡུལ་སྐོར། མི་རིགས་རིག་གནས་ཐོན་ཁུངས་ལ་གཞི་བཅོལ་ཏེ། རྨ་ཆུ་འགྲམ་ངོགས་ཀྱི་ཡུལ་སྐོར་དང་། ལུས་རྩལ་ལུས་སྦྱོང་། ཚོང་ལས་ཉོ་ཚོང་འགྲོ་རྒྱུག ལྷད་མེད་བཟའ་ཆས་ལས་སྣོན། ཆུ་ཐོན་དངོས་རིགས་གསོ་སྤེལ། ཁྱད་ལྡན་མི་རིགས་ཐོན་རྫས་ཐོན་སྐྱེད་ལ་སོགས་ཀྱི་ཐོན་ལས་དཀྱིལ་སྙིང་དུ་བཟུང་སྟེ། ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་མངོན་པར་གསལ་ཞིང་། མི་རིགས་རིག་གནས་སྣ་མང་བ། ཡུལ་སྐོར་ཐོན་ཁུངས་སྣ་འཛོམས་ཡིན་པ། འགྲིམ་འགྲུལ་སྐྱེལ་འདྲེན་སྟབས་བདེ་བ་བཅས་ཕྱོགས་གཅིག་ཏུ་འདུས་པའི་ཁྱད་ལྡན་གྲོང་རྡལ(གྲོང་ཁྱེར)ཆུང་ངུ་སྐོར་ཞིག་བསྐྲུན་འཆར་ཡོད་པ་རེད།

མཚོ་སྔོན་པོའི་མཐའ་འཁོར་གྱི་ས་ཁོངས་ལ་གཙོ་བོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མདོ་ལ་རྫོང་དང་། རྐང་ཚ་རྫོང་། མདའ་བཞི་རྫོང་། རྒྱ་མདོ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མང་རྫོང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་སོགས་ས་ཁུལ་འདུས་ཤིང་། ཡུལ་དེ་དག་གི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་། གེ་ཚེ་འདེབས་གསོ། སྣོད་བཅུད་ཡུལ་སྐོར། ལུས་རྩལ་མྱོང་རོལ། གསར་བརྗེའི་དྲན་ཤེས། ཐང་བོད་གནའ་ལམ་གྱི་རིག་གནས་ལ་སོགས་པའི་ཁྱད་ལྡན་ཐོན་ཁུངས་དཀྱིལ་སྙིང་དུ་བཟུང་སྟེ། མི་རིགས་ཁག་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་། རྫོང་མཐུག་པོའི་ལོ་རྒྱུས་རིག་གནས། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་བཅས་དགེ་མཚན་མངོན་པར་གསལ་བའི་ཁྱད་ལྡན་གྲོང་རྡལ(གྲོང་ཁྱེར)ཆུང་ངུ་སྐོར་ཞིག་བསྐྲུན་རྒྱུ་རེད།

ཚྭ་འདམ་གཞོང་གི་ས་ཁོངས་ལ་གཙོ་བོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་དང་། གཏེར་ལེན་ཁ་གྲོང་ཁྱེར། དབུས་ལམ་རྫོང་། དུར་ལམ་རྫོང་སོགས་འདུས་ཤིང་། ཡུལ་དེ་དག་གི་རྡོ་སྣུམ་ཐོན་ཁུངས་གསར་སྤེལ་དང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད། འཕང་འབྲས་འདེབས་གསོ་དང་། ས་རྒོད་གསར་སྦོལ་ལ་སོགས་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་དགེ་མཚན་ལྟེ་བར་བཟུང་སྟེ། ཐོན་ལས་དང་པོ་དང་གཉིས་པའི་གོང་སྤེལ་དང་ཡུལ་སྐོར་ལས་རིགས་གཉིས་མཉམ་བསྲེས་ལ་བརྟེན་ནས་ཁྱད་ལྡན་ཐོན་ཁུངས་གཟེངས་སུ་ཐོན་ཞིང་། མངའ་ཁོངས་ཁྱད་ཆོས་མངོན་པར་གསལ་བ། རིག་གནས་ཡུལ་སྐོར་ཁྱད་དུ་འཕགས་པ་བཅས་ཕྱོགས་འདུས་ཀྱི་ཁྱད་ལྡན་གྲོང་རྡལ(གྲོང་ཁྱེར)ཆུང་ངུ་སྐོར་ཞིག་བསྐྲུན་རྒྱུ་རེད། 

ཆུ་གསུམ་འགོ་ཁུངས་ས་ཁུལ་གྱི་ཁོངས་ལ་གཙོ་བོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་། སོག་རྫོང་(རྨ་ལྷོ་རྫོང)སོགས་འདུས་ཤིང་། ཡུལ་དེ་དག་གི་སྲོལ་རྒྱུན་མཚོན་བྱེད་ཅན་གྱི་ལག་ཤེས་བཟོ་ལས་དང་། སྣོད་བཅུད་ཞིང་འབྲོག་ལས། སྣོད་བཅུད་ཡུལ་སྐོར་སོགས་ཀྱི་ཐོན་ལས་གཙོ་བོར་བཟུང་སྟེ། འདེམས་གསེས་ཐོག་དཔེ་མཚན་ཅན་གྱི་ཁྱད་ལྡན་གྲོང་རྡལ(གྲོང་ཁྱེར)ཆུང་ངུ་འགའ་བསྐྲུན་འཆར་ཡོད་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།