དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཧུར་ཐག་གིས་མཐོ་རུ་གཏོང་དགོས།

ཝང་ཙུའོ་ཨན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། དེས་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལེགས་པོར་སྒྲུབ་པར་རྩ་བའི་བླང་བྱ་བཏོན་ཡོད་པ་དང་། འབད་བརྩོན་བྱེད་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྟོན་དུ་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་གནད་དོན་དང་ཆོས་ལུགས་ལས་དོན་སྐོར་གྱི་དཔྱད་བརྗོད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་མཐིལ་ཕྱིན་བྱེད་པ། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སྤྱད་དེ་ཆོས་ལུགས་ལས་དོན་གྱི་ལག་ལེན་ལ་མཛུབ་སྟོན་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་དངོས་གནས་ལེགས་པོར་བསྒྲུབ་དགོས།

གཅིག “ཁྲིད་སྟོན་”བྱེད་པའི་རྣམ་འགྱུར་ཐོག་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལ་“ཁྲིད་སྟོན་”བྱ་དགོས་ཞེས་པའི་བཞེད་ཚུལ་གལ་ཆེན་ནི་ང་ཚོས་ཆོས་ལུགས་གནད་དོན་ལ་ཚན་རིག་དང་མཐུན་པར་ལྟ་སྟངས་འཛིན་པ་དང་ཡང་དག་པར་ཐག་གཅོད་བྱེད་པར་“གསེར་གྱི་ལྡེ་མིག་”ཅིག་ཡིན་པ་ལ། ངེས་པར་དུ་གོ་བ་ཟབ་མོ་ལེན་པ་དང་ཁོང་ཆུད་ཡང་དག་བྱེད་དགོས།

ཆོས་ལུགས་ལ་ལྟ་སྟངས་གང་འདྲ་ཞིག་འཛིན་རྒྱུ་ནི་ངེས་པར་དུ་ཐག་གཅོད་ལེགས་པོ་བྱེད་དགོས་པའི་ངོས་འཛིན་ཐད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན། མི་ཁ་ཤས་ཀྱིས་ཆོས་ལུགས་ནི་མི་སྒེར་གྱི་དད་མོས་ཀྱི་གནད་དོན་ཡིན་ཏེ། ཆོས་ལུགས་ལ་དད་མོས་བྱེད་ན་སྤྱི་ཚོགས་ལ་ཕན་ཐོགས་པ་ལས་གནོད་མི་སྐྱེལ་བས། ཆོས་ལུགས་ལ་དོ་དམ་བྱ་མི་དགོས་ལ་དོ་དམ་བྱེད་ཀྱང་མི་འོས་པར་འདོད་ལ། ཡང་མི་ཁ་ཤས་ཀྱིས་ཆོས་ལུགས་ནི་རྨོངས་དད་ཤ་སྟག་ཡིན་ཏེ། སྤྱི་ཚོགས་ལ་གནོད་སྐྱེལ་བ་ལས་ཕན་མི་འདོགས་པས། ངེས་པར་དུ་དོ་དམ་ནན་མོ་བྱ་དགོས་པ་དང་། ཐ་ན་རྩ་མེད་དུ་བཏང་ཆོག་པར་འདོད་པ་རེད། ངོས་འཛིན་རིགས་དེ་གཉིས་ནི་ཕྱོགས་རེ་བ་ཡིན་པས་ལག་ལེན་ཁྲོད་གནོད་བསྐྱལ་ཡོང་གི་རེད། ང་ཚོས་ཆོས་ལུགས་དང་ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ། ཆོས་ལུགས་དུས་ཡུན་རིང་པོར་གནས་པའི་རང་བཞིན་ལ་ངོས་འཛིན་གསལ་པོ་དང་། ཆོས་ལུགས་ནི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་སྣང་ཚུལ་ཞིག་ཡིན་པར་ངོས་འཛིན་གསལ་པོ། ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པའི་ངོ་བོ་ཉིས་ལྡན་གྱི་རང་བཞིན་ལ་ངོས་འཛིན་གསལ་པོ། ཆོས་ལུགས་ལས་དོན་ནི་ངོ་བོའི་ཆ་ནས་མང་ཚོགས་ལས་དོན་ཡིན་པར་ངོས་འཛིན་གསལ་པོ་བཅས་བྱེད་དགོས།

ཆོས་ལུགས་ལ་ལྟ་སྟངས་འཛིན་པར་ཡང་དག་པའི་རྣམ་འགྱུར་ནི་“ཁྲིད་སྟོན་”བྱ་རྒྱུ་དེ་ཡིན། “ཁྲིད་སྟོན་”གྱིས་དངོས་ཐོག་བདེན་འཚོལ་མཚོན་ཡོད་པ་དང་། རྩོད་སྒྲུབ་རིག་པ་མཚོན་ཡོད་ལ། ཏང་གི་སྔ་ཕྱི་བར་གསུམ་གྱི་ལྟ་ཚུལ་ཡང་མཚོན་ཡོད། “ཁྲིད་སྟོན་”བྱེད་པའི་རྣམ་འགྱུར་ཐོག་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་པ་ལ། སྲུང་སྐྱོང་དང་། དོ་དམ། ཁྲིད་སྟོན། ཞབས་ཞུ་སོགས་ཕྱོགས་མང་པོའི་ལས་དོན་སྒྲུབ་པ་དང་། ཕྱོགས་བསྡུས་ཇུས་བསྟར་དང་རྩོད་སྒྲུབ་བཅོས་སྐྱོང་བྱས་ཏེ། “ཁྲིད་སྟོན་”ལ་ཁ་ཕྱོགས་ཡོད་པ་དང་། “ཁྲིད་སྟོན་”ལ་ནུས་ཤུགས་ལྡན་པ། “ཁྲིད་སྟོན་”ལ་ཕན་འབྲས་ཐོན་པ་བཅས་དངོས་གནས་བྱེད་པ་དང་། ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས། “ཁྲིད་སྟོན་”གྱི་རྩ་བའི་སྟོན་ཕྱོགས་ནི་ཆོས་ལུགས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ཆོས་ལུགས་ལས་རིགས་ཆབ་སྲིད་ཀྱི་སྟེང་དྲང་ཕྱོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་ཀྱི་ལྟ་བ་འགྲེལ་བཤད་དང་། ཆོས་ལུགས་རིག་གནས་རྒྱུན་འཛིན། སྤྱི་ཕན་བྱ་གཞག་ནང་ཞུགས་པ་བཅས་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་དང་། དུས་མཚུངས་སུ་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་འགོག་ཟོན་དང་བཅོས་སྐྱོང་བྱས་ནས། དེས་ཏང་གི་སྲིད་སྐྱོང་རྨང་གཞི་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་ཤུགས་རྐྱེན་ངན་པ་བཟོ་བ་བཀག་འགོག་བྱ་རྒྱུ་དེ་ཡིན།

“ཁྲིད་སྟོན་”ལས་དོན་ཡག་པོར་བསྒྲུབ་དགོས་ན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ངེས་པར་དུ་རྒྱུན་འཁྱོངས་དང་། ཏང་གི་ཆོས་ལུགས་དད་མོས་རང་དབང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། “སྐད་ཆ་ཚིག་བཞི་”ཡི་གཞི་རྩའི་བྱེད་ཕྱོགས་དེ་ནི། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས་བྱས་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཆོས་ལུགས་ཀྱི་བྱེ་བྲག་གི་དངོས་ཡོད་ལ་གཞིགས་ཏེ། དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་དང་བསླབ་བྱ་སྡུད་ལེན་བྱས་ནས་གཏན་འབེབས་བྱས་པ་ཞིག་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས། གཞི་རྩའི་བྱེད་ཕྱོགས་དེ་རྒྱུན་འཁྱོངས་ཡག་པོ་བྱེད་པར། “སྤྱི་ཡོངས་ནས་སྟངས་འཛིན་”བྱེད་ཐད་དུ་དམིགས་གཏོད་དགོས་པ་དང་། “ཕྱོགས་ཡོངས་ནས་དོན་འཁྱོལ་”བྱེད་ཐད་དུ་ཤུགས་འདོན་དགོས། དེ་ཡང་ཆོས་ལུགས་དད་མོས་རང་དབང་ཡིན་ཞེས་བརྗོད་དུས་ཆོས་ལུགས་ལ་དོ་དམ་ཡེ་ནས་མེད་པ་བྱེད་མི་རུང་ལ། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་དགོས་ཞེས་བརྗོད་དུས་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག་མེད་པ་བྱེད་མི་རུང་བར། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་བཀག་སྡོམ། སིམ་འཛུལ་འགོག་སྲུང་། ཉེས་གསོག་རྡུང་རྡེག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་ཡག་པོ་བྱེད་པའི་འགག་རྩ་ནི་“ཁྲིད་སྟོན་”གྱི་ཐད་བསམ་གཞིག་ཟབ་མོར་བྱེད་པ་དང་། མཐའ་གསལ་མཐིལ་རྟོགས་བྱེད་པ། ཁོང་ཆུད་གནད་ལ་འཁེལ་བར་བྱེད་པ་བཅས་ལ་ཐུག་ཡོད།

གཉིས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཆོས་ལུགས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་ལས་འགན་གལ་ཆེན་ཞིག་ནི་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་ནི་རྩ་བའི་ཁ་ཕྱོགས་ཡིན་པ་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་ནི་ཡང་དག་པའི་ཐབས་ལམ་ཡིན།

རང་རྒྱལ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ལོ་རྒྱུས་རིང་ཞིང་དཔལ་ཡོན་དར་བའི་གནའ་བོའི་རྒྱལ་ཁབ་ཅིག་ཀྱང་ཡིན་པས། རང་རྒྱལ་གྱི་ཆོས་ལུགས་ནི་རང་རྒྱལ་གྱི་རིག་གནས་དང་རྒྱལ་ཁབ་ཀྱི་གནས་ཚུལ་གྱི་ཁྱད་ཆོས་དང་ངེས་པར་མཉམ་འདྲེས་བྱེད་དགོས། དེ་ལས་ཆེས་རྩ་བར་གྱུར་པ་ཞིག་ནི། ཆོས་ལུགས་ལས་རིགས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་ངེས་པར་དུ་བརྩི་བཀུར་བྱས་ཏེ། ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་རྒྱུ་དེ་ཡིན། ཆོས་ལུགས་ཁག་གིས་ཆབ་སྲིད་ཐོག་རང་རྟོགས་ཀྱིས་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་དང་། རིག་གནས་ཐོག་རང་རྟོགས་ཀྱིས་མཉམ་འདྲེས་ཡོང་བར་བྱེད་པ། སྤྱི་ཚོགས་ཐོག་རང་རྟོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་ཡོང་བར་བྱེད་པ་བཅས་ལ་ཁྲིད་སྟོན་དང་། མངའ་ཁོངས་ཕྱི་ནས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱེད་པར་རང་འགུལ་གྱིས་འགོག་སྲུང་། མངའ་ཁོངས་ཕྱིའི་ཆོས་ལུགས་ཐལ་སྐྱོད་བསམ་བློའི་ཤུགས་རྐྱེན་མཐའ་གཅིག་ཏུ་བཀག་འགོག་བཅས་བྱེད་དགོས།

ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྤྱད་དེ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་སློབ་གསོ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། མཐུན་སྒྲིལ་ཡར་ཐོན་དང་ཞི་བདེ་ཁོང་ཡངས་སོགས་ཀྱི་ལྟ་བ་སྤྱད་དེ་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཁྲིད་སྟོན། ཆོས་ལུགས་ཁག་གིས་གཞི་རྩའི་དད་མོས་དང་། ལྟ་བ་གཙོ་བོ། ཆོ་གའི་ལམ་ལུགས་བཅས་སྲུང་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་པའི་དུས་མཚུངས་སུ། ཆོས་ལུགས་ཀྱི་ལྟ་བ་དང་སྡོམ་ཁྲིམས་ལས་སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་ཡར་རྒྱས། སྐྱོན་བྲལ་དཔལ་ཡོན་བཅས་ལ་ཕན་འདོགས་པའི་ནང་དོན་བསྔོག་འདོན། སྡོམ་ཁྲིམས་དང་ལྟ་བའི་ཐད་དེང་རབས་ཀྲུང་གོ་ཡར་རྒྱས་གོང་འཕེལ་འགྲོ་བའི་བླང་བྱ་དང་མཐུན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་མཐུན་ཡིན་པའི་འགྲེལ་བཤད་བཅས་བྱེད་དགོས།

ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་ནི་རིམ་འགྱུར་གྱི་ལོ་རྒྱུས་འཕེལ་རིམ་ཞིག་ཡིན་གྱི། སྒྲུབ་ཐེངས་གཅིག་གིས་ཡོངས་སུ་འགྲུབ་པ་ཞིག་མ་ཡིན་ཏེ། ཆོས་ལུགས་ཀྱི་ཆོས་ཉིད་དང་ཆོས་ལུགས་དད་མོས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཡང་དག་པར་ཁྲིད་སྟོན་དང་། ཡུལ་དུས་ཆོས་ལུགས་གསུམ་ལ་བསྟུན་ནས་སྐུལ་འདེད་བྱེད་དགོས་པ་ལས། ངང་ཐུང་ཚབ་ཚུབ་དང་འཕྲལ་དོན་འཕྲལ་སྒྲུབ་བྱེད་མི་ཉན། ཆོས་ལུགས་ལས་རིགས་ཀྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་དེའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འགྲོ་ལམ་ཐོག་རྒྱུན་ཆད་མེད་པར་གོམ་པ་གསར་པ་སྤོ་དགོས།

གསུམ། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཆོས་ལུགས་འབྲེལ་བ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

ཆོས་ལུགས་འབྲེལ་བ་ནི་རང་རྒྱལ་གྱི་ཆབ་སྲིད་ཁྱབ་ཁོངས་དང་སྤྱི་ཚོགས་ཁྱབ་ཁོངས་ཁྲོད་ཀྱི་འབྲེལ་བ་གལ་ཆེན་ཞིག་ཡིན་པ་དང་། ཆོས་ལུགས་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དོན་སྙིང་གལ་ཆེན་ལྡན། རང་རྒྱལ་གྱི་ཆོས་ལུགས་འབྲེལ་བའི་ཁོངས་སུ་ཏང་དང་སྲིད་གཞུང་དང་ཆོས་ལུགས་བར་དང་། སྤྱི་ཚོགས་དང་ཆོས་ལུགས་བར། རྒྱལ་ནང་གི་ཆོས་ལུགས་མི་འདྲ་བའི་བར། རང་རྒྱལ་གྱི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས་བར། དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་བར་བཅས་ཀྱི་འབྲེལ་བ་འདུ་བ་ཡིན།

ཆོས་ལུགས་འབྲེལ་བའི་ཁྲོད་སྲོག་ཤིང་དུ་གྱུར་པ་ནི་ཆོས་སྲིད་འབྲེལ་བ་ཡིན། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་སྲིད་སྐྱོང་ཏང་དུ་གྱུར་པ་ནས་བཟུང་། ཆོས་སྲིད་འབྲེལ་བ་ནི་གཙོ་བོ་ཏང་དང་སྲིད་གཞུང་དང་ཆོས་ལུགས་བར་གྱི་འབྲེལ་བའི་ཐོག་ནས་མངོན་ཡོད། རང་རྒྱལ་གྱི་ཆོས་ལུགས་འབྲེལ་བ་ཐག་གཅོད་བྱེད་པར། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་གཏོང་བ། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོ་བཟོ་བ་བཅས་ཀྱི་རྩ་བ་དེ་ངེས་པར་དུ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ཆོས་སྲིད་དབྱེ་འབྱེད་རྒྱུན་འཁྱོངས་དང་། ཆོས་ལུགས་ཀྱིས་སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་བསྟར་བར་ཐེ་གཏོགས་མི་བྱེད་པ་རྒྱུན་འཁྱོངས། སྲིད་གཞུང་གིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བཅས་ངེས་པར་དུ་བྱེད་དགོས།

ཆོས་ལུགས་ནི་སྤྱི་ཚོགས་སུ་གནས་པ་ཞིག་ཡིན་པས། སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་དགོས་པ་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཁག་གི་འཕེལ་རིམ་མི་འདྲ་ལ་དད་ལྡན་མང་ཚོགས་ཀྱི་གྲངས་འབོར་ཡང་མི་འདྲ། ཡིན་ནའང་རྒྱལ་ཁབ་ཀྱིས་ཆོས་ལུགས་ཚང་མར་འདྲ་མཉམ་དང་ཕྱོགས་ལྷུང་མེད་པའི་ལྟ་སྟངས་འཛིན་པ་ལས། སྲིད་འཛིན་སྟོབས་ཤུགས་སྤྱད་དེ་ཆོས་ལུགས་གང་རུང་ཞིག་འཕེལ་རྒྱས་གཏོང་བའམ་བཀག་འགོག་མི་བྱེད་ལ། ཆོས་ལུགས་གང་རུང་ཞིག་ཆོས་ལུགས་གཞན་པ་ལས་བརྒལ་ཏེ་བཅའ་ཁྲིམས་ཀྱི་དམིགས་བསལ་གོ་གནས་ཡོད་མི་རུང་ཞིང་། ཆོས་ལུགས་ཁག་གིས་འབྲེལ་མཐུད་དམ་དུ་གཏོང་བ་དང་། བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་དུ་ཡར་རྒྱས་ཡོང་བར་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཁག་གིས་རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པས། རང་རྒྱལ་གྱི་ཆོས་ལུགས་དང་ཕྱི་རྒྱལ་གྱི་ཆོས་ལུགས་བར་ཁོངས་གཏོགས་ཀྱི་འབྲེལ་བ་མེད་ལ། རང་རྒྱལ་གྱི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་རྒྱལ་སྟོབས་ཤུགས་ཀྱི་ཚོད་འཛིན་མི་ཐེབས། དུས་མཚུངས་སུ། ཆོས་ལུགས་ཁག་གིས་རང་ཚུགས་རང་བདག་དང་། འདྲ་མཉམ་མཛའ་མཐུན། ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞིའི་ཐོག་ཕྱི་ཕྱོགས་སྤེལ་རེས་དང་འབྲེལ་འདྲིས་སྤེལ་བ་དང་། ཀྲུང་གོའི་ཆོས་ལུགས་སྐོར་གྱི་གཏམ་རྒྱུད་ཡག་པོར་ཤོད་པ། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་སྤེལ་བཅས་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས། དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ། ཆོས་ལ་དད་པའམ་ཡང་ན་མི་དད་པའི་དབང་གིས་དབང་ཆ་དང་འོས་འགན་བབ་མཚུངས་མིན་པའི་སྣང་ཚུལ་མི་འབྱུང་བར་བྱེད་པ་དང་། དད་ལྡན་མང་ཚོགས་དང་དད་མེད་མང་ཚོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་སློང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་ཆེད་དུ་ཐུན་མོང་ཐོག་འབད་བརྩོན་བཅས་བྱེད་དགོས།

བཞི། ཁྲིམས་སྐྱོང་བྱེད་ཐབས་ཀྱི་ཐོག་ནས་ཆོས་ལུགས་ལས་དོན་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་སྟེ། བཅའ་ཁྲིམས་སྤྱད་དེ་སྲིད་གཞུང་གིས་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་བཟོ་བ་དང་། བཅའ་ཁྲིམས་སྤྱད་དེ་ཆོས་ལུགས་དང་འབྲེལ་བའི་སྤྱི་ཚོགས་འབྲེལ་བ་ཁག་འདུམ་སྒྲིག་བྱེད་དགོས། དེ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་དགོས་ངེས་བླང་བྱ་ཡིན་ལ། ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཡང་དག་པར་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ཡང་ཡིན།

གསར་དུ་དག་བཅོས་བྱས་པའི་《ཆོས་ལུགས་ལས་དོན་སྲོལ་ཡིག་》(གཤམ་ནས་《སྲོལ་ཡིག་》ཅེས་བསྡུས་མིང་སྤྱོད་རྒྱུ་)ལག་ལེན་མཐིལ་ཕྱིན་བསྟར་ཏེ། འབྲེལ་ཡོད་ཆ་བསྒྲིགས་སྒྲིག་ཡིག་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་མགྱོགས་སྤེལ་དང་། ས་གནས་ཁག་གིས་འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་ཡིག་མགྱོགས་པོར་བཟོ་བཅོས་རྒྱག་པར་སྐུལ་སྤེལ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་གིས་ཆོས་ཁྲིམས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བར་མཛུབ་སྟོན། འཐུས་སྒོ་ཚང་བའི་ཆོས་ལུགས་ལས་དོན་སྐོར་གྱི་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་འཛུགས་སྐྲུན་བཅས་བྱེད་དགོས། 《སྲོལ་ཡིག་》ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། 《སྲོལ་ཡིག་》ནང་གཏན་ཁེལ་བྱས་པའི་ལམ་ལུགས་དང་གཏན་འབེབས་ཁག་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས།

ཆོས་ལུགས་ཁྱབ་ཁོངས་དང་འབྲེལ་བའི་སྤྱི་ཚོགས་ལས་དོན་གཞན་དག་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་འདུམ་སྒྲིག་བྱེད་པའི་ཁོངས་སུ་བཅུག་སྟེ། ཆོས་ལུགས་ཀྱི་རྩ་འཛུགས་དང་། འབྲེལ་བ། བྱ་སྤྱོད་བཅས་ཚང་མར་ཚད་གཞི་ངེས་ཅན་ལྡན་པར་བྱེད་དགོས། སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སྦྲེལ་མཐུད་ཡོང་བར་མཐོང་ཆེན་བྱས་ཏེ། གལ་ཆེའི་སྲིད་ཇུས་ལ་གཞི་འཛིན་སའི་བཅའ་ཁྲིམས་ཡོད་པར་བྱེད་དགོས་པ་དང་། ལག་ལེན་གྱིས་ར་སྤྲོད་བྱས་པའི་སྤྱོད་གོ་ཆོད་པའི་སྲིད་ཇུས་དུས་ཐོག་ཏུ་བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་འགྱུར་བར་བྱེད་དགོས། ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་ཁྲོད་ངེས་པར་དུ་ཐག་གཅོད་དགོས་ཀྱང་གནས་སྐབས་སུ་བཅའ་ཁྲིམས་ཀྱིས་ཚད་ལྡན་བཟོ་དཀའ་བའི་གནད་དོན་གསར་པ་ཁ་ཤས་ནི། ཁྲིམས་བཀོད་སྒྲིག་རིམ་ལྟར་དབང་ཆ་བསྐུར་ཏེ་སྲིད་ཇུས་གཏན་འབེབས་བྱས་པ་བརྒྱུད་སྔོན་ལ་ལག་ལེན་དང་ཚོད་ལྟ་བྱེད་ཆོག

ཆོས་ལུགས་ལས་དོན་དེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནང་འཇུག་པ་དང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས། ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་སྤེལ་བཅས་བྱེད་དགོས། མངའ་ཁོངས་ཕྱི་ནས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱེད་པར་མཐའ་གཅིག་ཏུ་འགོག་སྲུང་དང་། ཆོས་ལུགས་ཐལ་སྐྱོད་བསམ་བློ་རྒྱ་ཡན་དུ་མཆེད་པའི་སྣང་ཚུལ་ནུས་ལྡན་ངང་བཀག་འགོག ཁྲིམས་ལྟར་འབྲེལ་དྲྭའི་ཆོས་ལུགས་ལས་དོན་ལ་དོ་དམ། ཁྲིམས་ལྟར་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་བཅོས་སྐྱོང་། ཆོས་ལུགས་ཚོང་ལས་ཅན་དུ་སྣང་ཚུལ་དངོས་གནས་ཡོ་བསྲང་བཅས་བྱེད་དགོས། ལས་དོན་སྤེལ་སྐབས་འགལ་ཟླའི་ངོ་བོ་དབྱེ་འབྱེད་ལ་དོ་སྣང་བྱེད་པ་དང་། ཁྲིམས་ལྟར་ལས་སྒྲུབ་ནན་མོ་བྱེད་པ། བྱེད་སྟངས་དང་ཐབས་ལམ་ལ་གཙིགས་ཆེན་བྱེད་པ་བཅས་བྱས་ཏེ། ལས་དོན་ཁྲོད་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དང་ཡོ་བསྲང་བྱེད་དགོས།

ཁྲིམས་སྐྱོང་སློབ་གསོ་སྤེལ་ཏེ། ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་རྒྱལ་ཁྲིམས་དང་ཆོས་ཁྲིམས་དབར་གྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པ། བཅའ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པའི་འདུ་ཤེས་འཛུགས་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་དད་མོས་རང་དབང་འགན་སྲུང་བྱེད་དགོས་པ་དང་། གང་ཞིག་ཆོས་ལུགས་ལས་དོན་ཡིན་པ་དང་གང་ཞིག་སྤྱིར་བཏང་གི་སྤྱི་ཚོགས་ལས་དོན་ཡིན་པ་དབྱེ་འབྱེད་གསལ་པོ་བྱེད་ཅིང་། ངོ་བོ་ཅི་འདྲ་ཡིན་པ་དེ་ལྟར་དུ་ཐག་གཅོད་བྱས་ཏེ། ཆོས་ལུགས་གནད་དོན་ཁྱབ་ཆེ་རུ་འགྱུར་བ་སྔོན་འགོག་བྱེད་དགོས། མི་སུ་ཞིག་ཡིན་ནའང་འདྲ། མི་རིགས་གང་དུ་གཏོགས་ནའང་འདྲ། ཆོས་ལུགས་གང་ཞིག་ལ་དད་མོས་བྱེད་ནའང་འདྲ། གལ་ཏེ་བཅའ་ཁྲིམས་དང་འགལ་ན་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་ལས། བཅའ་ཁྲིམས་ལས་བརྒལ་བའི་གནས་དང་མི་དང་ཆོས་ལུགས་གཏན་ནས་ཡོད་མི་ཆོག རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་པ་ནི་ཁོང་ཚོའི་སྲུང་སྐྱོང་ཆེ་ཤོས་ཡིན་པ་ཤེས་སུ་འཇུག་དགོས་ལ། ཁོང་ཚོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་བའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས།

ལྔ། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

ཆོས་ལུགས་ལས་དོན་ཡག་པོར་བསྒྲུབ་དགོས་ན་ཆོས་ལུགས་ལས་དོན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཏེ། དེ་ཚོས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར། ཏང་དང་སྲིད་གཞུང་ལ་རམ་འདེགས་བྱས་ནས་ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར། དེ་ཚོའི་ཆོས་ལུགས་ཀྱི་ནང་ཁུལ་ལས་དོན་ཁྲོད་ཀྱི་བྱེད་ནུས་ལ་བརྩི་འཇོག་དང་འདོན་སྤེལ་བྱེད་དགོས།

ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཆོས་ལུགས་ཚོགས་པ་དང་ཏང་སྲིད་སྡེ་ཁག་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། སྤྱི་ཚོགས་ཀྱི་ཕྱོགས་གཞན་པ་བཅས་དབར་གྱི་འབྲེལ་བ་གསལ་འབྱེད་དང་། ཆོས་ལུགས་ཚོགས་པའི་འགན་ནུས་དང་ངེས་གནས་ཁ་གསལ་བཟོ་དགོས། ཆོས་ལུགས་ཚོགས་པར་དཀའ་ངལ་སེལ་རོགས་བྱས་ཏེ། ཁོང་ཚོས་ལས་དོན་སྤེལ་བར་དགོས་ངེས་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས། ཆོས་ལུགས་ཚོགས་པས་རང་ཉིད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། སྒྲིག་ཡིག་དང་ལམ་ལུགས་འཐུས་ཚང་བཟོ་བ་དང་། ཆབ་སྲིད་ཐོག་བློ་གཏོད་ཐུབ་པ་དང་། སྤྱོད་ཚུལ་དམངས་གཙོ་ཡིན་པ། ལས་ཆོད་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་འགོ་ཁྲིད་ཚོགས་པ་འཛུགས་སྐྲུན་བྱེད་དགོས།

ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་དུས་རབས་གསར་པར་ཆོས་ལུགས་ལས་དོན་ཡག་པོར་སྤེལ་བའི་འགག་རྩའི་གནད་དོན་ཡིན། “ཆབ་སྲིད་ཐོག་ཡིད་ཆེས་ཐུབ་པ་དང་། ཆོས་ལུགས་ཀྱི་རྟོགས་པ་མཐོ་བ། ཀུན་སྤྱོད་ལ་ཀུན་གྱིས་ཁས་ལེན་པ། གནད་འགག་སྐབས་སུ་ནུས་པ་ཐོན་ཐུབ་པ་”བཅས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱིས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་འགོད་བཟོས་ཏེ། ཆོས་ལུགས་ཤེས་ལྡན་མི་སྣའི་སྐས་རིམ་ཆགས་པར་བྱེད་པ་དང་། བྱང་ཚད་མཐོ་བའི་འཐུས་ཚབ་མི་སྣ་སྐོར་ཞིག་གསོ་སྐྱོང་བྱེད་དགོས། ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་གླིང་ལེགས་པར་གཉེར་བར་རྒྱབ་སྐྱོར་དང་། ཡང་དག་པའི་སློབ་སྒྲུབ་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཚད་ལོན་པའི་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། ད་ཡོད་ཀྱི་ཆོས་ལུགས་ཀྱི་དགེ་རྒན་དཔུང་སྡེའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས། ཆ་རྐྱེན་དང་ནུས་པ་ལྡན་པའི་ཆོས་ལུགས་དགེ་རྒན་གྱིས་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སྤེལ་ཡུལ་ནས་ལས་འགན་སྒྲུབ་པར་རྒྱབ་སྐྱོར་བྱེད་ཅིང་། ལས་ཀའི་སྦྱོང་བརྡར་བྱས་པ་བརྒྱུད་ཆུ་ཚད་མཐོ་རུ་གཏོང་དགོས།

རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆའི་འོག་ཏུ། ཆོས་ལུགས་ལས་རིགས་དང་འཐབ་ཕྱོགས་གཅིག་གྱུར་བཟོ་རྒྱུ་ནི་ང་ཚོའི་ཏང་གིས་ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་མངོན་གསལ་དོད་པོའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་དགེ་མཚན་ཡིན། ཆབ་སྲིད་ཐོག་མཐུན་སྒྲིལ་མཉམ་ལས་དང་དད་མོས་ཐོག་ཕན་ཚུན་བརྩི་བཀུར་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ལས་དོན་གཏིང་ཟབ་ཅིང་ཞིབ་ཚགས་པའི་སྒོ་ནས་ལེགས་པོར་བསྒྲུབས་ཏེ། དེ་ཚོ་རྒྱུན་ཆད་མེད་པར་ཡར་རྒྱས་ཡོང་བའི་ཁྲོད་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་རོགས་རམ་བྱེད་གོས།

དྲུག ཏང་གིས་ཆོས་ལུགས་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

ཆོས་ལུགས་གནད་དོན་ནི་དུས་ནམ་ཡང་ང་ཚོའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་གོ་རིམ་ཁྲོད་ངེས་པར་དུ་ཐག་གཅོད་བྱ་དགོས་པའི་གལ་ཆེའི་གནད་དོན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་ཡོད། ཏང་གིས་ཆོས་ལུགས་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་དུས་རབས་གསར་པར་ཆོས་ལུགས་ལས་དོན་ལེགས་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན།

རིམ་པ་ཁག་གི་ཏང་ཨུས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགོ་ཁྲིད་ཚོ་ཆུང་ངམ་མཉམ་ཞུགས་ཚོགས་འདུའི་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། ཆོས་ལུགས་ལས་དོན་ལ་འཆར་འགོད་དང་། ཁྲིད་སྟོན། མཛུབ་སྟོན། ལྟ་བཤེར་བཅས་བྱེད་པའི་ལས་དོན་ལེགས་པོར་བསྒྲུབ་དགོས། ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ལས་འགན་དང་དུ་ལེན་དགོས་པ་དང་། འབྲེལ་ཡོད་ཏང་སྲིད་སྡེ་ཁག་དང་བཟོ་ཚོགས། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པས་གཞོགས་འདེགས་དམ་ཟབ་དང་མཉམ་སྒྲུབ་མཉམ་འཛིན་བྱས་ཏེ། ཐུན་མོང་ཐོག་ཆོས་ལུགས་ལས་དོན་ལེགས་པོར་བསྒྲུབ་དགོས།

རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་གནད་དོན་དང་ཆོས་ལུགས་ལས་དོན་སྐོར་གྱི་གལ་ཆེའི་དཔྱད་བརྗོད་རབ་དང་རིམ་པར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་གནད་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་དང་སྲིད་ཇུས་ལས་བྱེད་པའི་སློབ་གསོ་དང་གསོ་སྐྱོང་འཆར་བཀོད་ནང་བཅུག་སྟེ། འགོ་ཁྲིད་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་ལ་ཞིབ་འཇུག་གཏིང་ཟབ་དང་ཐག་གཅོད་འོས་འཚམས་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བ་དང་ཆོས་ལུགས་ལས་དོན་གྱི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་གོང་སྤེལ་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆོས་ལུགས་ལས་དོན་ལེགས་པོར་སྒྲུབ་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་དགོས།

དད་ལྡན་མང་ཚོགས་གཞི་རིམ་དུ་ཡོད་པ་དང་། ཆོས་ལུགས་ལས་དོན་གྱི་ལྟེ་བ་གཞི་རིམ་དུ་ཡོད། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ། གནད་དོན་གཞི་རིམ་ནས་ཐག་གཅོད་བྱ་གང་ཐུབ་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་རོགས་བྱེད་པ་དང་། ཏང་གི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་རྩོད་ནུས་པ་བཅས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ཆོས་ལུགས་ལས་དོན་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱེད་པོ་རྫོང་དུ་ཡོད་པ་དང་། ཞང་དུ་རྒྱ་སྐྱེད། གྲོང་ཚོ་རུ་དོན་འཁྱོལ། གནད་ཀར་ལེགས་བཅོས་བཅས་བྱེད་པའི་ལས་ཀའི་དྲ་བ་ཆགས་སུ་འཇུག་དགོས།

(རྩོམ་པ་པོ་ནི་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཡིན།)

བསོད་ནམས་དབང་རྒྱལ་གྱིས་བསྒྱུར།