མི་རིགས་བསྐྱར་དར་གྱི་འགན་ལྗིད་འཁུར་ཕོད་པ་དང་།དུས་རབས་གསར་པའི་འབད་འཐབ་པ་ཞིག་བྱེད་དགོས།

དེབ་འདིའི་དཔྱད་གཏམ་པ།

ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཡིག་ཆ་པར་འགྲེམ་བྱས་ཏེ་རྒྱ་ཆེའི་ཤེས་ཡོན་ཅན་གྱི་ཁྲོད་དུ་“རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་པ་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ཡོན་ཅན་རྣམས་སྣེ་ཁྲིད་ཞབས་ཞུ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པ་མ་ཟད། རྒྱལ་གཅེས་ལེགས་འབུལ་གྱི་ཕུགས་འདུན་ཡོད་པ། གསར་གཏོད་གསར་བསྐྲུན་བྱེད་ཕོད་པའི་ཕུལ་བྱུང་དཔུང་ཁག་འཛུགས་རྒྱུ་དང་། ཕྱོགས་གང་ཐད་ཀྱི་ཕུལ་བྱུང་གི་ཤེས་ལྡན་རྣམས་དུས་རབས་གསར་པའི་སྒྱུར་བཅོས་འཕེལ་རྒྱས་རླབས་པོ་ཆེའི་འབད་འཐབ་ཁྲོད་དུ་བསྡུ་རུབ་བཟོས་ནས་འབད་འཐབ་ལྷོད་མེད་དང་། མཐུན་སྒྲིལ་འབད་འཐབ་ཀྱི་སེམས་རྩ་འཁོལ་བའི་རྣམ་པ་ཞིག་ཆགས་པ་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

རྒྱ་ཆེའི་ཤེས་ཡོན་ཅན་ནི་སྤྱི་ཚོགས་ཁྲོད་ཀྱི་རྩེར་ཕུད་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀ་གདུང་། མི་དམངས་ཀྱི་སྤོབས་པ་ཡིན། རང་རྒྱལ་གྱི་ཤེས་ཡོན་ཅན་ནི་ག་དུས་ཡིན་ནའང་རྒྱལ་ཁབ་ལ་བརྩེ་སེམས་ཟབ་མོ་ཡོད་པ་དང་། སྤྱི་ཚོགས་ཀྱི་འགན་སེམས་ཆེ་ཞིང་། ཟོལ་མེད་དྲང་གཞག འགན་འཁུར་ཕོད་པ་ཤ་སྟག་ཡིན། ང་ཚོའི་ཏང་གིས་འགོ་ཁྲིད་བྱས་པའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལོ་ངོ་97གྱི་ལོ་རྒྱུས་ཀྱི་ཤུལ་ལམ་རིང་པོའི་ནང་ཕུལ་བྱུང་གི་ཤེས་ཡོན་ཅན་བགྲང་ལས་འདས་པས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་། སེམས་སུ་རྒྱལ་ཁབ་བཅངས་ནས་རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དམ་པོར་སྦྲེལ་ཏེ་བསྟོད་པ་བྱེད་རིན་ཡོད་པའི་བྱས་རྗེས་དང་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་ཆོག་པའི་མཛད་རྗེས་བཞག་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཆན་ཞུས་སེན་དང་། ཏེང་ཅ་ཞན། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ནུབ་སྤོས་མི་སྣ་སོགས་ཤེས་ཡོན་ཅན་རྒན་རབས་མང་པོས་རྒྱལ་ཁབ་ལ་དྲིན་ལན་འཇལ་ཆེད་མདུན་སྐྱོད་བྱེད་ཐབས་བྱས་ཏེ་ཀྲུང་གོའི་ཚན་རིག་འཕེལ་རྒྱས་གཏོང་བར་རྨང་གཞི་སྲ་ཞིང་བརྟན་པ་བཏིང་ཡོད། སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། མི་རབས་གསར་པའི་ཤེས་ཡོན་ཅན་གྱིས་གཅིག་རྒྱུད་གཅིག་འཛིན་དང་འབད་འབུངས་ཆད་མེད་བྱས་ཏེ་ཧོང་ཏ་ཉན་དང་། ལི་པའི་གོ ནན་རེན་ཏུང་། ཀྲུང་དབྱང་སོགས་དུས་རབས་ཀྱི་མིག་དཔེ་ཁག་གཅིག་ཐོན་ཡོད། ཀྲུང་ཧྭ་མི་རིགས་དེ་ནས་བཟུང་ཡར་ལངས་ཐུབ་པ་དང་། ཕྱུག་པོ་ནས་སྟོབས་ཆེན་ཕྱོགས་སུ་མཆོང་བསྐྱོད་ཆེན་པོ་བྱེད་པའི་ཁྲོད་དུ་ག་དུས་ཡིན་ནའང་རླབས་ཆེ་བའི་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དང་། རྒྱ་ཆེའི་ཤེས་ཡོན་ཅན་གྱི་ལེགས་སྐྱེས་དང་སྟོབས་ཤུགས་མ་ཚུད་པ་མེད། མི་རབས་སོ་སོར་འབད་འཐབ་བྱེད་སྟངས་རེ་ཡོད་པ་དང་། དུས་རབས་སོ་སོར་འགན་འཁྲི་མི་འདྲ་བ་རེ་ཡོད། དུས་རབས་གསར་པར་སླེབས་རྗེས་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཀོད་བྲིས་བྱས་པའི་མཛེས་སྡུག་གི་མ་དཔེ་མངོན་འགྱུར་བྱེད་རྒྱུ་དེ་ནི་རྒྱང་སྐྱོད་གསར་པ་ཞིག་ཡིན་སྟབས་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དུས་རབས་གསར་པའི་འབད་འཐབ་པའི་རིན་ཐང་མངོན་ས་ཆགས་པ་བྱེད་དགོས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་ནི་རྒྱ་ཆེ་ཤེས་ཡོན་ཅན་རྣམས་སྐུལ་སློང་བྱས་ནས་སྒེར་གྱི་ཕུགས་བསམ་བརྩོན་གཉེར་བྱེད་རྒྱུ་དེ་ཡངས་ཤིང་རྒྱ་ཆེ་བའི་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ཁྲོད་འདྲེས་པ་དང་། མི་རིགས་བསྐྱར་དར་གྱི་འགན་ལྗིད་འདེགས་ཕོད་པ། དུས་རབས་ཀྱི་འགན་འཁྲིར་གཉའ་མི་ཞུམ་པ། དུས་རབས་གསར་པའི་འབད་འཐབ་པ་ཞིག་བྱས་ཏེ་"ལོ་བརྒྱ་གཉིས་"ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་སྟེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

ཚན་རྩལ་ནི་རྒྱལ་ཁབ་ཀྱི་གོ་ཚོན་རྣོ་ངར་ཅན་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་དངོས་ཤུགས་ངོ་མ་ཡིན་པ་དང་། མི་དམངས་ཀྱི་འཚོ་བའི་རྟེན་གཞི་ཡག་པོ་ཞིག་ཡིན། ཀྲུང་གོ་སྟོབས་ལྡན་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་ཡག་པོ་སྐྱེལ་དགོས་ན་ངེས་པར་དུ་ཚན་རྩལ་སྟོབས་ཆེན་ཞིག་དགོས། རང་རྒྱལ་ནི་ཚན་རྩལ་གྱི་ཤུགས་རྐྱེན་ངེས་ཅན་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཆགས་ཟིན་པ་རེད། ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་དང་སྣེ་ཁྲིད་ཀྱི་ནུས་པ་ཉིན་རེ་བཞིན་ཇེ་ཆེར་འགྲོ་གི་ཡོད། དུས་མཚུངས་སུ་འཛམ་གླིང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ལྟར་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དང་བསྡུར་ན་རང་རྒྱལ་གྱི་འཕེལ་རྒྱལ་ལ་འགག་གཞི་ཆེན་པོ་འཕྲད་ཡོད་པ་དང་། འགག་རྩའི་ཁྱབ་ཁོངས་སུ་སྲོག་ཤིང་གི་ལག་རྩལ་མི་གཞན་ལ་བརྟེན་དགོས་པའི་གནས་བབ་རྩ་བའི་ཆ་ནས་འགྱུར་ལྡོག་གཏོང་ཐུབ་མེད་ཁར། ཚན་རྩལ་རྨང་གཞི་སྔར་བཞིན་བརྟན་པོ་མེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་སྤྱི་དང་ལྷག་པར་དུ་མ་རྩོམ་གྱི་ནུས་པའི་ཐད་ད་དུང་ཧེ་བག་ཆེན་པོ་ཡོད་པ་དེ་དག་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པ་བྱེད་དགོས། གནས་བབ་གསར་པར་དམིགས་ཏེ་རང་རྒྱལ་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱ་ཆེའི་ཤེས་ཡོན་ཅན་ཚོས་གསར་རྩོམ་གྱི་བློ་སྤོབས་སྲ་བརྟན་གཏོང་བ་དང་། གནམ་འོག་ཡོད་ཚད་སྔོན་དུ་བྱེད་ཕོད་པའི་ཕུགས་བསམ་བརྟན་པོ་འཛུགས་པ། ཁེར་གཏོད་ཁེར་ལྡན་ཐོག་འབད་འབུངས་བྱེད་པ། སྔོན་ཐོན་ཚ་ཤོས་ཀྱི་ཚན་རིག་གི་གནད་དོན་འགྲན་ཟླ་བྱེད་ཕོད་པ་དང་། རིག་གཞུང་གི་མ་རྩོམ་སྔར་ལས་མང་བ་འདོན་དགོས་པ། མ་རྩོམ་སྔར་ལས་མང་བ་ཐོན་ཐུབ་པ་བཅས་བྱས་ཏེ་གལ་ཆེའི་ཚན་རྩལ་གྱི་ཁྱབ་ཁོངས་ནང་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་ཐུབ་པ་བྱས་ཏེ་འཛམ་གླིང་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པའི་རྗེས་ཟིན་ཐུབ་པའམ་ཡང་ན་སྣེ་ཁྲིད་ཐུབ་པ་བྱས་ཐོག་གོ་ལ་ཧྲིལ་པོའི་ཚན་རྩལ་འགྲན་རྩོད་ཀྱི་འཁོར་རེས་གསར་པ་ཁོང་དུ་ཆུབ་པ་བྱེད་དགོས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་དོན་ནི་རྒྱ་ཆེའི་ཤེས་ཡོན་ཅན་རྣམས་རང་གནས་སུ་རྐང་པ་འཛུགས་པ་དང་། སེམས་ལ་མེས་རྒྱལ་བཅངས་པ། དཀའ་སྤྱད་འབད་འཐབ་བྱེད་པ། གསར་གཏོད་གསར་སྤེལ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། མེས་རྒྱལ་གྱི་དགོས་གལ་ཆེ་ཤོས་ཀྱི་ས་ཆར་སྐྱེས་འབུལ་ལས་གཉེར་བྱས་ཏེ་མི་ཚེར་རིན་ཐང་ཡོད་པ་དང་། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས།

ཤེས་ཡོན་ཅན་གྱི་ལས་ཀ་ནི་ཏང་གི་ལས་ཀ་ཧ་ཅང་གལ་ཆེ་བའི་གྲས་ཤིག་རེད། ཤེས་ཡོན་ཅན་ལ་མཐོང་ཆེན་དང་། སེམས་འཁུར། བྱམས་སྐྱོང་བྱེད་རྒྱུ་དེ་ང་ཚོའི་ཏང་སྲོལ་རྒྱུན་བཟང་པོ་ཞིག་རེད། ང་ཚོའི་ཏང་གིས་ནམ་ཡིན་ཡང་ཤེས་ཡོན་ཅན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཤེས་ཡོན་ཅན་གྱི་ལས་ཀར་མཐོང་ཆེན་བྱེད་པ་སྟེ། ཤེས་ཡོན་ཅན་ལ་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་བྱེད་པ་དང་། བསམ་བློའི་ཐད་རང་འགུལ་གྱིས་ཁྲིད་སྟོན་བྱེད་པ། ལས་ཀའི་ཐད་ཆ་རྐྱེན་བསྐྲུན་པ། འཚོ་བའི་ཐད་སེམས་འཁུར་ལྟ་སྐྱོང་བྱེད་རྒྱུ་བཅས་ཀྱི་བླང་བྱ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་སྤྱི་ཞི་ཅིན་ཕིང་གི་ནན་བཤད་གནང་བ་ལྟར་“རླབས་ཆེན་བྱ་གཞག་གིས་ང་ཚོར་ཤེས་བྱ་དང་ཤེས་ཡོན་ཅན་སྔར་ལས་དགོས་མཁོ་ཆེ་བ་དང་། ཤེས་ཡོན་ཅན་གྱིས་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས་ཡོང་བ། མི་དམངས་བདེ་སྐྱིད་ཡོང་བར་ལེགས་སྐྱེས་མང་པོ་ཕུལ་རྒྱུའི་དགོས་མཁོ་སྔར་ལས་ཆེ་བ་ཡོད་པའི་ཚིག་ཐག་བཅད་ཡོད།” “ཡོན་ཏན་རྟོགས་ཐུབ་པའི་ཡེ་ཤེས་ཀྱི་མི་དགོས་པ་དང་། ཡོན་ཏན་གཅེས་པའི་དྲང་སེམས་དང་། ཡོན་ཏན་སྤྱོད་པའི་བློ་ཁོག ཡོན་ཏན་གཤོང་བའི་སྣོད་བཟང་། ཡོན་ཏན་བསྡུ་བའི་ཐབས་བཟང་བཅས་དགོས་པ་མ་ཟད། མཛངས་མི་གདན་ཞུའི་ལམ་བུ་ཡངས་པོ་བཏོད་ནས་ཕྱོགས་ཚང་མའི་ཤེས་ཡོན་ཅན་གོང་བུ་གཅིག་སྒྲིལ་ནས་གནམ་འོག་གི་མཁྱེན་ལྡན་གཅིག་ཏུ་སྒྲིལ་ནས་བེད་སྤྱོད་གཏོང་དགོས།” ད་ཐེངས་ཀྱི་བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་རིམ་པ་ཁག་གི་ཏང་ཨུ་(ཏང་རྩ་འཛུགས་)ཡིས་ཤེས་ཡོན་དང་ཤེས་ལྡན་མི་སྣར་བརྩི་བཀུར་ངོ་མ་བྱས་ཏེ་བྱེད་སྒོ་སྤེལ་དོན་ནི་ཏང་གི་ཤེས་ལྡན་མི་སྣའི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དང་ཤེས་ཡོན་ཅན་གྱི་ལས་དོན་སྤེལ་བའི་གལ་ཆེའི་ནང་དོན་ཞིག་ཏུ་བརྩིས་ནས་ཤེས་ལྡན་མི་སྣར་གུས་བཀུར་དང་། ཐོབ་ཐང་མཐོ་པོ་སྤྲོད་པ། སྐུལ་ལྕག་དང་ཞབས་ཞུ་བྱས་ཏེ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ཤེས་ཡོན་ཅན་ལ་སེམས་འཁུར་དང་ཡིད་ཆེས། རེ་བ་བཅས་དོན་ཐོག་ཏུ་འཁྱོལ་ཐུབ་པའི་སྐུལ་མ་གཏོང་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དེ་དེང་དུས་ཀྲུང་གོར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསལ་བཤད་གཏིང་གནང་ཡོད་པ་དང་། དེས་སྤྱི་ཚོགས་ཡོངས་སུ་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་ཐད་ལ་བླང་བྱ་ཁ་གསལ་བཏོན་ཡོད། ཐེངས་འདིའི་བྱེད་སྒོ་སྤེལ་དོན་ནི་རྒྱ་ཆེའི་ཤེས་ཡོན་ཅན་རྣམས་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བརྟན་པོ་ཡིད་ལ་བཅངས་པ། འདུ་ཤེས་བཞི་ཇེ་ཆེར་གཏོང་བ་དང་། གདེང་ཚོད་བཞི་བརྟན་པོ་བཙུགས་ཏེ་རང་རྟོགས་ཀྱི་སྒོ་ནས་སྒེར་གྱི་ཕུགས་བསམ་བརྩོན་གཉེར་བྱེད་རྒྱུ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ཁྲོད་འདྲེས་ཐུབ་པ་དང་། སྒེར་གྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་མཉམ་འདྲེས་ཐུབ་པ། ཁྱིམ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་དེ་དུས་རབས་གསར་པར་འབད་འཐབ་བྱེད་པའི་ཧུར་སེམས་སུ་བསྒྱུར་བ་བྱེད་རྒྱུ་དེ་རེད། ཐེངས་འདིའི་བྱེད་སྒོ་ཡག་པོ་སྤེལ་དོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་ལྡན་མི་སྣའི་ལས་ཀའི་སྐོར་དང་ཤེས་ཡོན་ཅན་གྱི་ལས་ཀའི་སྐོར་ལ་གནང་བའི་བཀའ་སློབ་སྙིང་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་བྱེད་པ། ཁྱོན་ཡོངས་ལ་གུས་བཀུར་ཞབས་ཞུ་མཐའ་གཅིག་བྱེད་པ། སོ་སོའི་ས་ཁུལ་དང་། ཚན་པ། ལས་ཁུངས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོ་བཅངས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་བྱེད་རྒྱུར་དོ་སྣང་བྱས་ཏེ་སྦྱོང་བ་དང་སྤྱོད་པ་ཟུང་འབྲེལ་དང་། ཤེས་པ་དང་སྤྱོད་པ་ཟུང་འབྲེལ་མངོན་གསལ་དུ་བཞག་ནས་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་ཁ་སྣོན་རྒྱག་དགོས།

ད་ཐེངས་ཀྱི་བྱེད་སྒོ་དེ་ནི་སྤེལ་ཐེངས་གཅིག་རང་མིན་པར། རྒྱུན་ལྡན་ཕུགས་ཕན་གཙོ་བོར་བཞག་ནས་ཆོག་མཆན་སྤྲོད་ཐེངས་མེད་པ་དང་། དུས་མཚམས་ཀྱི་དབྱེ་བ་མེད་པ། ལྷུ་ཚིགས་མེད་པར་དུས་རྒྱུན་དུ་སྤེལ་དགོས། བྱེད་སྒོ་སྤེལ་རྒྱུ་དེ་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་སྤེལ་རྒྱུའི་གལ་ཆེའི་ནང་དོན་ཞིག་ལ་བརྩིས་ནས་འཆར་གཞི་འགོད་དགོས་པ་དང་། དུས་རྒྱུན་དུ་སྤེལ་བར་དོ་སྣང་དང་། རྟག་པར་དམ་འཛིན་བྱས་ཏེ་ཡུན་རིང་སྤེལ་ཐུབ་པ་བྱེད་དགོས། ཤེས་ཡོན་ཅན་གྱི་ལས་ཀའི་དོན་དངོས་དང་ཤེས་ཡོན་ཅན་གྱི་ཚོགས་པའི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་དང་མི་དམངས་ཀྱི་ཤེས་ཡོན་ཅན་ལ་བཅངས་པའི་རེ་བ་ཧུར་བརྩོན་གྱིས་ཡ་ལན་སྤྲོད་དེ་བྱེད་སྒོ་དེ་རྒྱ་ཆེའི་ཤེས་ཡོན་ཅན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པའི་ཕུགས་ཕན་གྱི་འདེགས་གཞི་ཞིག་བཟོ་དགོས། བྱེད་སྒོའི་ནང་དོན་ཐད་ལག་ལེན་གྱི་རང་བཞིན་གང་ཐུབ་ཀྱིས་འབུར་དུ་ཐོན་པ་བྱེད་དགོས། རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་ལག་ལེན་བྱེད་པའི་འགག་རྩ་ནི་རང་ཉིད་ཀྱི་ལས་གནས་ཐོག་ལེགས་སྐྱེས་འབུལ་རྒྱུ་དེ་རེད། སློབ་སྦྱོང་གིས་བྱ་སྦྱོད་ལ་སྐུལ་འདེད་གཏོང་བ་དང་། བྱ་སྦྱོད་ཀྱིས་ཕན་ནུས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཤེས་ཡོན་ཅན་རྣམས་རྩ་འཛུགས་བྱས་ཏེ་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དེ་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་དུ་བསྒྱུར་ཏེ་བྱེད་སྒོ་སྤེལ་བའི་བརྒྱུད་རིམ་རྣམས་དོན་དངོས་ཀྱི་ལས་ཀར་སྐུལ་འདེད་གཏོང་བ་དང་། གསར་གཏོད་འཕེལ་རྒྱས་ཀྱི་བརྒྱུད་རིམ་དུ་ཁྱབ་གདལ་གཏོང་དགོས།

བྱེད་སྒོར་དངོས་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་ན་ངེས་པར་དུ་དོན་དངོས་ལ་འབྲེལ་བ་དམ་ཟབ་བྱས་ཏེ་བྱེད་སྒོའི་བླང་བྱ་རྣམས་སྲ་ཞིང་ཕྲ་བ་བཟོ་དགོས། གཅིག་ནས་དྲིལ་བསྒྲགས་ཀློག་དཀྲོལ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། རླུང་འཕྲིན་བརྙན་འཕྲིན། ཚགས་པར། སྒོ་ཐེམ་དྲ་ཚིགས་སོགས་སྨྱན་སྦྱོར་ལངས་གཟུགས་ཅནདང་། ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱེད་རྒྱུ་རྩ་འཛུགས་བྱས་ཏེ་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་སློབ་སྦྱོང་དར་སྤེལ་གཏོང་བའི་ཚ་རླབས་གང་མགྱོགས་འཕྱུར་བ་བྱེད་དགོས། གཉིས་ནས་སློབ་སྦྱོང་དང་ཞིབ་མོལ་གཏིང་ཟབ་བྱེད་རྒྱུའི་རྩ་འཛུགས་བྱེད་དགོས། དུས་རབས་གསར་པའི་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དང་། ཏང་དང་རྒྱལ་ཁབ་ཀྱི་འབད་འཐབ་དམིགས་ཡུལ་གྱི་བསམ་བློ་བཞེད་མཐུན། བརྩེ་དུང་བཞེད་མཐུན། རིན་ཐང་བཞེད་མཐུན་ངོ་མ་ཇེ་ཆེར་གཏོང་དགོས། གསུམ་ནས་དམིགས་བསལ་གནད་དོན་ལ་ཞིབ་འཇུག་དང་སྦྱོང་བརྡར་བྱེད་རྒྱུ་དམ་འཛིན་བྱེད་དགོས། རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དེ་ཤེས་ཡོན་ཅན་གྱིས་རྒྱལ་བབ་ཞིབ་འཇུག་ཉམས་ལེན་དང་། ལས་སྒོ་སྦྱོང་བརྡར་བྱེད་པའི་གལ་ཆེའི་ནང་དོན་དུ་བརྩི་བ་དང་། ཞིབ་འཇུག་ཉམས་ལེན་དང་སྦྱོང་བརྡར་བྱེད་པའི་སྒྲོམ་གཞི་དང་སློབ་ཚན་ནང་འཇུག་དགོས། བཞི་ནི་དམིགས་བསལ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་ལག་ལེན་བྱེད་པའི་སྔོན་ཐོན་གྱི་ཚོགས་པ་དང་མི་སྒེར་འདེམས་བཙུགས་ཀྱི་ལས་ཀ་ཧུར་ཐག་སྤེལ་ནས་འགྲམ་གྱི་བྱ་བཟང་གིས་འགྲམ་མི་ལ་སློབ་གསོ་གཏོང་དགོས། ལྔ་ནི་ལས་གནས་ལག་ལེན་བྱེད་སྒོ་སྤེལ་དགོས། བྱེད་སྒོ་སྤེལ་རྒྱུ་དང་ཤེས་ཡོན་ཅན་གྱི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་ལ་སྐུལ་ལྕག་གཏོང་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཞབས་ཞུ་བྱེད་རྒྱུ་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་གང་ཡོད་ཀྱིས་རྒྱ་ཆེའི་ཤེས་ཡོན་ཅན་གྱི་འབད་འཐབ་ཀྱི་བརྩོན་སེམས་ལ་སྐུལ་ལྕག་གཏོང་བ་དང་། རྒྱ་ཆེའི་ཤེས་ཡོན་ཅན་རྣམས་སྣེ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་འཛུགས་པ་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བའི་སྐུལ་ལྕག་གཏོང་དགོས།

རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བྱེད་སྒོ་ཏན་ཏིག་ངང་སྤེལ་ཐུབ་པའི་རྩ་བའི་འགན་ལེན་ཡིན། ས་གནས་ཁག་དང་ཚན་པ་ཁག ལས་ཁུངས་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་ཇེ་ཆེར་བཏང་ནས་ད་ཐེངས་ཀྱི་བྱེད་སྒོ་རྩ་འཛུགས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་འཁྱོལ་ཞིབ་ཅིང་ཕྲ་བ་བྱེད་དགོས། རིམ་པ་ཁག་གི་ཏང་ཨུ་དང་(ཏང་རྩ་འཛུགས་)ཀྱིས་མ་གཞིའི་འགན་འཁྲི་དངོས་གནས་འཁུར་ཏེ་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རྩ་འཛུགས་ལག་བསྟར་སྤུས་དག་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཤེས་ཡོན་ཅན་ཐད་ཀར་འབྲེལ་ཐུག་དང་འབྲེལ་བ་བྱས་ཏེ་སོ་སོའི་ལས་ཁུངས་ཀྱི་བྱེད་སྒོའི་ཞིབ་ཕྲའི་རྩ་འཛུགས་ལག་བསྟར་གྱི་ལས་ཀ་འགན་འཁུར་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱས་ཏེ་དམིགས་རྟེན་ཡོད་པ་དང་། ཁྱད་ཆོས་མངོན་གསལ་དོད་པའི་འདེགས་གཞི་ཇུས་བཀོད་བྱས་པ་བརྒྱུད་རྒྱ་ཆེའི་ཤེས་ཡོན་ཅན་རྣམས་ཧུར་བརྩོན་གྱིས་བྱེད་སྒོའི་ནང་ཞུགས་པར་སྐུལ་སློང་དང་འཐེན་ནས་བྱེད་སྒོ་དེ་གཞི་རིམ་ལ་ཟབ་འཇུག་དང་མང་ཚོགས་ཁྲོད་དུ་དར་བ། དངོས་འབྲས་ཐོབ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། ནན་ཏན་གྱིས་འགན་འཁྲི་དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་ཁྱད་བསད། འབོད་སྒྲ་སྟོང་པ་དང་ཕྱི་ཚུལ་ཙམ་བྱེད་པར་སྔོན་འགོག བྱེད་སྒོ་སྤེལ་རྒྱུ་དང་སེམས་འཁུར་གཅེས་སེམས་ཟུང་འབྲེལ། རིམ་པ་ཁག་གི་ཏང་ཨུ་(ཏང་རྩ་འཛུགས་)ཡིས་རིག་གཅིག་མཁས་པར་འབྲེལ་བ་ཞབས་ཞུ་བྱེད་པའི་ལམ་ལུགས་འཐུས་ཚང་དོན་འཁྱོལ་བྱེད་པ། ཤེས་ཡོན་ཅན་ལ་བསམ་བློའི་འབྲེལ་བ་དང་། བརྩེ་དུང་འབྲེལ་བ། ཞབས་ཞུ་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་པ། བརྩི་བཀུར། སེམས་འཁུར། ཞབས་ཞུ། སེམས་སྒྲིལ་ཤུགས་སྒྲིལ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་ཤེས་ཡོན་ཅན་གྱི་ནུས་པ་འདོན་སྤེལ་དང་གསར་གཏོད་ལེགས་སྐྱེས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

གསར་གཏོད་དུས་བབ་འདུག ཕུགས་འདུན་ཆ་རྐྱེན་འཛོམས་འདུག དུས་གསར་པ་ནི་ཤེས་ཡོན་ཅན་གྱིས་བྱས་རྗེས་འཇོག་པ་དང་འཇོན་ཐང་ངོམ་པའི་དུས་ཚོད་ཡག་ཤོས་རེད། རྒྱ་ཆེའི་ཤེས་ཡོན་ཅན་གྱིས་རྒྱལ་གཅེས་ཀྱི་སེམས་པ་དང་། རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བའི་ཕུགས་བསམ་དེ་མེས་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་རླབས་ཆེན་བྱ་གཞག་ནང་འདྲེས་ཐུབ་པ་དང་། མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱེད་པའི་རླབས་ཆེན་གྱི་འབད་འཐབ་ཁྲོད་དུ་འདྲེས་ཐུབ་པ་བྱས་ཏེ་དུས་ཀྱིས་ང་སྒུག་མི་སྲིད་པའི་དངངས་འཚབ་ཀྱི་སེམས་པ་དང་། ང་རང་མ་གཏོགས་འཇོན་མཁན་སུ་གང་མེད་པའི་འགན་འཁྲིའི་བསམ་བློ་བཅངས་ནས་དཔལ་འབྱོར་གྱི་འགྲན་རྩོད་ལྡན་པའི་གནད་འགག་ཐུག་ས་དང་། སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་མཁན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགྲན་རྒོལ་བྱེད་མཁན་དེ་དག་དམ་པོ་བཟུང་སྟེ་རང་འགུལ་གྱིས་འགན་འཁུར་དང་། ཧུར་བརྩོན་ནུས་པ་བཏོན་ནས་རྒྱུན་ཆད་མེད་པར་གསར་གཏོད་ཀྱི་ནུས་པ་ཇེ་མཐོར་གཏོང་བ་དང་། རྒྱུན་ཆད་མེད་པར་གསར་གཏོད་ཀྱི་ཡང་རྩེར་འཛེགས་ཏེ་དཔྱད་རྩོམ་དེ་མེས་རྒྱལ་གྱི་ས་གཞི་ཆེན་པོའི་ཐོག་འབྲི་བ་དང་། ཚན་རྩལ་གྱི་འབྲས་བུ་དེ་མེས་རྒྱལ་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུའི་རླབས་ཆེན་གྱི་བྱ་གཞག་ཁྲོད་དུ་བེད་སྤྱོད་བཏང་སྟེ་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།

ངག་དབང་ཕུན་ཚོགས་ཀྱིས་བསྒྱུར།