ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་སྟོན་འོག འབད་འབུངས་ཆེན་པོས་ཕྱོགས་ཡོངས་ནས་འཛམ་གླིང་ཐོག་ཨང་དང་པོའི་དམག་དཔུང་འཛུགས་སྐྱོང་བྱེད་དགོས།

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་91འཁོར་བར་རྟེན་འབྲེལ་ཞུ་བ།

དེབ་འདིའི་དཔྱད་གཏམ་པ།

གཟི་བརྗིད་ལྡན་པའི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་91འཁོར་བའི་ལོ་བསུ་ཡོང་བ་རེད། ང་ཚོས་དམག་ཡོངས་ཀྱི་བཀོད་འཐབ་པ་དང་དྲག་ཆས་དམག་དཔུང་གི་དཔོན་དམག ཡུལ་དམག་གྲ་སྒྲིག་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་དང་། དམག་དཔུང་ནས་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་དང་། ལས་སྤོས་དང་དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི། དམག་མི་རྨས་སྐྱོན་ཅན་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ལ་སེམས་གཏིང་ནས་འཚམས་འདྲི་ཞུ་རྒྱུ་ཡིན།

མི་དམངས་ཀྱི་དམག་དཔུང་ཞིག་མེད་ན། མི་དམངས་ཀྱི་ཡོད་ཚད་ཡོད་མི་སྲིད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ནི་མི་དམངས་ཀྱི་དམག་དཔུང་ཞིག་ཡིན་པའི་ཆ་ནས་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལྡན། ལོ་ངོ་91གི་སྔོན་དུ་ནན་ཁྲང་གྲོང་ཁྱེར་དུ་མེ་མདའི་སྐད་གྲག་པ་དང་བསྟུན་ནས། ང་ཚོའི་ཏང་གིས་དྲག་ཆས་སྤྲས་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་ལ་ངོ་རྒོལ་བྱེད་པའི་འགོ་ཚུགས་པ་རེད། གསར་བརྗེ་འཐབ་འཛིང་གི་ལོ་རབས་སུ། ཏང་གི་འགོ་ཁྲིད་འོག དཔའ་ངར་ལྡན་པའི་མི་དམངས་དམག་དཔུང་གིས་དཔའ་མཛངས་རྟུལ་ཕོད་ཀྱི་དཔའ་བོའི་ཉམས་འགྱུར་དང་། ལྷོད་བ་མེད་པའི་གསར་བརྗེའི་སྟོབས་ཤུགས། སྟུན་མཁས་འགུལ་སླའི་འཐབ་འཛིང་ནུས་རྩལ། དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་སྤྱོད་ཚུལ་བཅས་ལ་བརྟེན་ནས། བསམ་ཡུལ་འདས་པའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ། ཀྲུང་གོའི་མི་དམངས་ཀྱི་སྟེང་དུ་མནན་པའི་རི་བོ་ཆེན་པོ་གསུམ་མགོ་རྟིང་སློག་པ་རེད། ཁྲག་དྲོན་མོ་དང་ཚེ་སྲོག་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་གོ་གསར་པ་འཛུགས་པ་ལ་སུབ་ཐབས་མེད་པའི་བྱས་རྗེས་བཞག་སྟེ། མཐའ་གཅིག་ཏུ་ཀྲུང་ཧྭ་མི་རིགས་ཉེ་རབས་ཚུན་གྱི་རྗེས་ལུས་དང་རྡུང་རྡེག་རག་པའི་གནས་བབ་ལས་གཡོལ་བ་རེད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་འདི་ལྟ་བུའི་སྒོ་ནས། ཀྲུང་གོའི་གུང་ཁྲན་ཏང་གི་ལས་དབང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་དབང་། ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱི་ལས་དབང་དེ་རང་ཉིད་ཀྱི་ལས་བསྐལ་དང་ཚགས་དམ་པོའི་སྒོ་ནས་ཟུང་འབྲེལ་བྱས་ཏེ། ཏང་གི་མཐའ་གཅིག་གི་འགོ་ཁྲིད་འོག་ཏུ་རྒྱལ་ཁབ་དང་། མི་རིགས། མི་དམངས་ལ་རྣམ་པར་དག་པའི་དཔའ་བོའི་མི་དམངས་དམག་དཔུང་ཞིག་ཏུ་འཛུགས་སྐྱོང་བྱས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། མི་དམངས་དམག་དཔུང་ནི་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ཟིལ་རླབས་དགུང་འཕྱུར་བའི་ལོ་རྒྱུས་ཁྲོད་བརྟན་པོ་བསྐྱོད་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་སུ་དམ་པོ་སྙེག་པ། འཐབ་འཛིང་གི་ཁྲོད་ནས་འཚར་ལོངས་བྱུང་བ་དང་། རྒྱུན་འཛིན་གྱི་ཁྲོད་དུ་གསར་གཏོད་བྱེད་པ། འཛུགས་སྐྱོང་གི་ཁྲོད་དུ་འཕེལ་རྒྱས་གཏོང་བ། གསར་བརྗེ་ཅན་དང་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མུ་མཐུད་ནས་མཐོར་འདེགས་བཏང་སྟེ། གཟི་ཉམས་དང་དངོས་འཐབ་ནུས་པ་མུ་མཐུད་ནས་ཇེ་མཐོར་ཕྱིན་ཡོད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ། སྟོབས་ལྡན་དུ་འགྱུར་བའི་རླབས་ཆེ་བའི་མཆོང་བརྒལ་དང་འགྲོགས་ནས། མི་དམངས་དམག་དཔུང་ནི་འདས་ཟིན་པའི་ཚན་པ་རྐྱང་པའི་དམག་དཔུང་ནས་དམག་མང་མཚོན་མང་མཉམ་དུ་སྡེབ་པའི་དམག་དཔུང་སྟོབས་ལྡན་ཞིག་ཏུ་འཕེལ་རྒྱས་བཏང་བ་དང་། འདས་ཟིན་པའི་“འབྲས་ཐོག་མེ་མདའ་བསྣན་པའི་”དྲག་ཆས་སྤྲས་པའི་དམག་དཔུང་ནས་དེང་རབས་འཕྲུས་ཆས་ཅན་དང་ཆ་འཕྲིན་ཅན་དུ་མགྱོགས་སུ་བསྐྱོད་པའི་དམག་དཔུང་སྟོབས་ལྡན་ཞིག་ཕལ་ཆེར་མངོན་འགྱུར་བྱས་ཚར་ཡོད། མི་དམངས་དམག་དཔུང་ནི་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་རླབས་ཆེ་བའི་སྟོབས་ཤུགས་དང་། ཕུགས་བསམ་འདུ་ཤེས་ཀྱི་རླབས་ཆེ་བའི་སྟོབས་ཤུགས། སྒྱུར་བཅོས་གསར་གཏོད་ཀྱི་རླབས་ཆེ་བའི་སྟོབས་ཤུགས། འཐབ་འཛིང་སྙིང་སྟོབས་ཀྱི་རླབས་ཆེ་བའི་སྟོབས་ཤུགས། གསར་བརྗེ་སྒྲིག་ལམ་གྱི་རླབས་ཆེ་བའི་སྟོབས་ཤུགས། དམག་དམངས་མཐུན་སྒྲིལ་གྱི་རླབས་ཆེ་བའི་སྟོབས་ཤུགས་བཅས་མངོན་ཡོད།

མཐའ་གཏུགས་ནས་བཤད་ན། ཏང་གི་དམག་དོན་གྱི་མཛུབ་སྟོན་གཞུང་ལུགས་དུས་བསྟུན་མདུན་བསྐྱོད་དང་། གསར་གཏོད་འཕེལ་རྒྱས་ཀྱི་རླབས་ཆེ་བའི་སྟོབས་ཤུགས་མངོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་བརྒྱུད་རིམ་ཁྲོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བར་དམིགས་ཏེ། དུས་རབས་གསར་པའི་ནང་མི་དམངས་དམག་དཔུང་སྟོབས་ལྡན་ཅི་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་། མི་དམངས་དམག་དཔུང་སྟོབས་ལྡན་ཞིག་ཇི་ལྟར་འཛུགས་སྐྱོང་བྱེད་དགོས་པར་ཚགས་དམ་པོ་གཞིགས་ཏེ། གཏིང་ཟབ་མོའི་སྒོ་ནས་གཞུང་ལུགས་འཚོལ་ཞིབ་དང་ལག་ལེན་གསར་གཏོད་སྤེལ་ཞིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་གྲུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུ་ཞིག་ཕྱེ་སྟེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་དམག་དོན་གཞུང་ལུགས་དང་དམག་དོན་ལག་ལེན་ཉིད་ཞིང་ཁམས་གསར་པ་ཞིག་ཏུ་སྐུལ་འདེད་བཏང་ཡོད། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལས། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན་གྱི་གལ་ཆེའི་གནད་དོན་རབ་དང་རིམ་པ་ཞིག་གསལ་པོར་བྱས་པ་དང་། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“དམག་དོན་གྱི་ལེའུ་”ཡིན་ལ། མར་ཁེ་སི་རིང་ལུགས་དམག་དོན་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་མཆོང་བརྒལ་ཞིག་ཡིན། ཏང་གི་དམག་དོན་མཛུབ་སྟོན་གཞུང་ལུགས་ཀྱི་གལ་ཆེའི་མཆོང་བརྒལ་དང་། གལ་ཆེའི་གསར་གཏོད། གལ་ཆེའི་འཕེལ་རྒྱས་ཤིག་ཡིན། ཡང་ཏག་ཏག་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པའི་སྣེ་ཁྲིད་འོག རང་དམག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་ཏུ་གོམ་པ་བརྟན་པོ་ཞིག་སྤོས་ནས། ཆབ་སྲིད་སྐྱེ་ཁམས་བསྐྱར་འཛུགས་དང་། རྩ་འཛུགས་རྣམ་པ་བསྐྱར་འཛུགས། སྟོབས་ཤུགས་མ་ལག་བསྐྱར་འཛུགས། སྤྱོད་ཚུལ་སྣང་བརྙན་བསྐྱར་འཛུགས་བཅས་སྐུལ་འདེད་བཏང་ཞིང་། ལམ་སྲོལ་གསར་པ་དང་གྲུབ་ཚུལ་གསར་པ། གནས་བབ་གསར་པ། སྣང་བརྙན་གསར་པ་བཅས་མངོན་འགྱུར་བྱས་ཐོག ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། རྒྱལ་སྲུང་འཛུགས་སྐྲུན་དུས་རབས་གསར་པའི་ནང་སླེབས་པ་རེད།

དུས་རབས་གསར་པར་བསམ་བློ་གསར་པ་བྱུང་། བསམ་བློ་གསར་པས་དུས་རབས་གསར་པའི་སྣེ་ཁྲིད་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་པས་མི་དམངས་དམག་དཔུང་དེ་ཕྱོགས་ཡོངས་ནས་འཛམ་གླིང་ཐོག་ཨང་དང་པོའི་དམག་དཔུང་ཞིག་ཏུ་འཛུགས་སྐྱོང་བྱེད་པའི་སྤྱིའི་དམིགས་འབེན་དང་ལམ་ཕྱོགས་རི་མོ་འཆར་འགོད་བྱས་པ་དང་། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་འཛིང་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་ལེགས་པོ་ཡིན་པའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱེད་རྒྱུ་དེ་ཡིན་པ་གསལ་པོ་བསྟན་ཡོད། 2035ལོར་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་ཕལ་ཆེར་མངོན་འགྱུར་བྱུང་ཐུབ་པ་དང་། དུས་རབས་འདིའི་དུས་དཀྱིལ་དུ་མི་དམངས་དམག་དཔུང་དེ་ཕྱོགས་ཡོངས་ནས་འཛམ་གླིང་ཐོག་ཨང་དང་པོའི་དམག་དཔུང་དུ་འཛུགས་སྐྱོང་བྱེད་ཐུབ་པར་བརྩོན་ལེན་བྱེད་དགོས། མི་རབས་རེ་རེ་ནས་མུ་མཐུད་དེ་འབད་འབུངས་བརྒྱུད་ནས། རང་དམག་གི་འཛུགས་སྐྱོང་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དུས་མཚུངས་སུ་“ཧེ་བག་གཉིས་ད་དུང་ཧ་ཅང་ཆེ་བ་”དང་“ནུས་པ་གཉིས་མི་འདང་བའི་”འབུར་ཐོན་འགལ་ཟླ་དང་གནད་དོན་ཡང་ལྡན་ཡོད། འཛམ་གླིང་གི་དམག་དོན་གསར་པའི་གསར་བརྗེ་མྱུར་པོའི་ངང་འཕེལ་རྒྱས་འགྲོ་བ་དང་། དམག་འཐབ་ཀྱི་རྣམ་པ་མྱུར་པོའི་ངང་ཆ་འཕྲིན་ཅན་གྱི་དམག་འཐབ་ཏུ་འགྱུར་ལྡོག་འགྲོ་བཞིན་ཡོད་པར་ཁ་གཏད་ཚེ། བདེ་འཇགས་ཀྱི་ཉེན་སྐུལ་སྣ་ཚོགས་དེ་བས་འབུར་ཐོན་ཡིན་པ་དང་། རྒྱལ་ཕྱི་ནང་གི་བདེ་འཇགས་གནས་བབ་སྔར་བས་རྙོག་དྲ་ཚབས་ཆེན་ཡིན། དམག་དོན་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མགྱོགས་མྱུར་སྒོས་འཐབ་འཛིང་གི་རྣམ་པ་འགྱུར་ལྡོག་གཏོང་དགོས་ལ། རང་དམག་གི་དམག་གཉེར་འཐབ་འཛིང་གི་གནད་དོན་གལ་ཆེན་མགྱོགས་མྱུར་དུ་གསེད་བཀྲོལ་ནུས་ལྡན་བྱེད་དགོས། དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྗིད་ལ་ལམ་ཐག་རིང་བས། དུས་བསྟུན་མདུན་བསྐྱོད་ཀྱི་གཞུང་ལུགས་མཛུབ་སྟོན་ཡོད་དགོས། རང་ཏང་དང་རང་དམག་གི་ལོ་རྒྱུས་ཐོག རྒྱལ་ཁབ་དང་མི་རིགས་ཀྱི་གལ་ཆེའི་འགག་སྒོ་ལ་ཐུག་པ་དང་། འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ལ་ཐུག་དུས། དེ་བས་ཀྱང་བསམ་བློའི་གཞུང་ལུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ལ། མཁྲེགས་གཏོར་དཀའ་སེལ་གྱི་སྟོབས་ཆེའི་བསམ་པའི་ནུས་ཤུགས་གོང་བུ་གཅིག་ཏུ་འདྲིལ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་གི་དམག་དོན་གཞུང་ལུགས་གསར་གཏོད་དང་དམག་དོན་ལག་ལེན་གསར་སྐྲུན་མཉམ་དུ་འཕེལ་རྒྱས་འགྲོ་བའི་རླབས་ཆེ་བའི་ལོ་རྒྱུས་ལམ་རིམ་ལས་གསལ་པོ་བསྟན་དོན། ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་དམག་དོན་ལག་ལེན་ལ་སྣེ་ཁྲིད་བྱེད་པ་དང་། དམག་དོན་ལག་ལེན་ལས་རིམ་འཕར་བྱུང་བ་ཡིན་པས། མི་དམངས་དམག་དཔུང་གི་གཞི་རྩའི་རྒྱལ་ཁ་བླངས་པའི་ཐབས་ལམ་ཡིན་ལ། རང་དམག་གིས་འབད་འབུངས་སྒོས་དམག་དཔུང་སྟོབས་ཆེར་གཏོང་བའི་དུས་རབས་གསར་པ་ཕྱེ་བར་མཛུབ་སྟོན་བྱས་དང་བྱེད་བཞིན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བརྟན་པོའི་ངང་མདུན་དུ་བསྐྱོད་པ་དང་། ཕྱོགས་ཡོངས་ནས་འཛམ་གླིང་ཐོག་ཨང་དང་པོའི་དམག་དཔུང་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་དར་ཆ་འདི་མཐོ་རུ་བསྒྲེངས་ཏེ་གཡོ་འགུལ་བྱས་མི་རུང་།

ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་སྣེ་ཁྲིད་འོག ཕྱོགས་ཡོངས་ནས་འཛམ་གླིང་ཐོག་ཨང་དང་པོའི་དམག་དཔུང་འཛུགས་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས། གཏིང་ཟབ་མོའི་སྒོ་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་གལ་ཆེའི་དོན་སྙིང་ཁོང་ཆུད་བྱེད་དགོས་ན། དེའི་སྙིང་སྟོབས་ཀྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་བླང་བྱ་བཅས་ལ་གོ་བ་ལེན་དགོས། མངོན་གསལ་དོད་པོའི་ཆབ་སྲིད་རྣམ་འགྱུར་གྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲོད་ཀྱི་མཛུབ་སྟོན་གོ་གནས་བརྟན་པོ་འཛུགས་པ་དང་། ཏན་ཏན་ཏིག་ཏིག་གིས་དཔུང་ཁག་འཛུགས་སྐྲུན་སྤྱི་ལ་བཀོད་འདོམས་བྱེད་པའི་“བླ་སྲོག་”དང་། ལས་དོན་ཁག་ལ་མཛུབ་སྟོན་བྱེད་པའི་“རྩ་འཛིན་”འཛུགས་ཐོག ཆབ་སྲིད་ངོས་ཟིན་དང་། གཞུང་ལུགས་ངོས་ཟིན། བསམ་བློ་ངོས་ཟིན། བརྩེ་དུང་ངོས་ཟིན་བཅས་ཏན་ཏིག་ཇེ་མཐོར་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལངས་ཕྱོགས་དང་། ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་ཚད་མཐོན་པོའི་ཆབ་སྲིད་རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དེ་ཕྱོགས་ཡོངས་དང་གནད་དུ་འཁེལ་བའི་སྒོ་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་པའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོའི་ནང་དོན་འཁྱོལ་བྱེད་དགོས། དཔོན་དམག་ལ་སྣེ་ཁྲིད་ནས་“འདུ་ཤེས་བཞི་”ཇེ་མཐོར་དང་“གདེང་ཚོད་བཞི་”ཇེ་བརྟན་དུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་རབ་དང་རིམ་པ་ཞིག་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་འགྱུར་མེད་ཀྱི་དད་མོས་མཁན་དང་རྣམ་དག་གི་ལག་བསྟར་མཁན། དཔེ་མཚོན་གྱི་ལག་ལེན་པ་བཅས་བྱེད་དགོས།

ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་སྟོན་འོག ཕྱོགས་ཡོངས་ནས་འཛམ་གླིང་ཐོག་ཨང་དང་པོའི་དམག་དཔུང་འཛུགས་པའི་དམིགས་འབེན་གྱི་ཕྱོགས་སུ་འབད་པས་བསྐྱོད་དེ། ལས་འགན་ལ་ངོས་འཛིན་ཡག་པོ་དང་འགན་འཁྲི་ཇེ་ལྕི་གཏོང་བའི་ཐོག་ཕན་ནུས་ཐོན་དགོས། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དུས་རབས་ཀྱི་བླང་བྱ་ངོས་འཛིན་གང་ལེགས་བྱས་ཏེ། ཏང་གི་གཅིག་བསྡུས་གཅིག་འགྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་འཛིང་གི་འགུལ་རྣམ་དང་འཐབ་འཛིང་གི་གནས་བབ་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་དང་བསྟུན་ནས། སྟོབས་ཆེ་བའི་དེང་རབས་ཅན་གྱི་སྐམ་དམག་དང་མཚོ་དམག མཁའ་དམག འཕུར་མདེལ་དམག་དང་འཐབ་འཛིང་རོགས་སྐྱོར་དཔུང་ཁག་མགྱོགས་སུ་བཙུགས་ཏེ། ཚན་རིག་འཐུས་ཚང་གི་མཉམ་སྡེབ་འཐབ་འཛིང་ལམ་ལུགས་དང་སྒྲིག་སྲོལ་འཛུགས་དགོས། གཡུལ་སའི་མདུན་དང་དགྲ་ཕྱོགས་ལ་དམ་པོ་གཞིགས་ནས། དྲ་ཚུགས་ཆ་འཕྲིན་མ་ལག་གཞིར་བཟུང་བའི་མཉམ་སྡེབ་འཐབ་འཛིང་གི་ནུས་པ་དང་ཁྱབ་ཁོངས་ཡོངས་ཀྱི་འཐབ་འཛིང་ནུས་པ་མགྱོགས་སུ་མཐོར་འདེགས་གཏོང་དགོས། ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ཁོར་ཡུག་གི་འགྱུར་ལྡོག་ཟབ་མོ་དང་འཕྲོད་པར་བྱས་ནས། ཏན་ཏན་ཏིག་ཏིག་གིས་འཐབ་འཛིང་ཁ་ཕྱོགས་སོ་སོའི་དམག་དོན་འཐབ་འཛིང་གྲ་སྒྲིག་ལེགས་པོ་བྱེད་དགོས། གཅིག་འགྱུར་སྒོས་སྲོལ་རྒྱུན་གྱི་བདེ་འཇགས་ཁྱབ་ཁོངས་དང་རྣམ་གསར་གྱི་བདེ་འཇགས་ཁྱབ་ཁོངས་ཀྱི་དམག་དོན་འཐབ་འཛིང་གྲ་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཡོངས་སྒོས་འཐབ་འཛིང་གྲ་སྒྲིག་དང་འཐབ་འཛིང་མཚམས་འཇོག དབང་སྲུང་དང་བརྟན་སྲུང་། ཉམས་སྟོན་དང་དངོས་འཐབ། དམག་འཁྲུག་དུས་སྐབས་དང་ཞི་བདེའི་དུས་སྐབས་ཀྱི་དམག་དོན་སྟོབས་ཤུགས་བཀོལ་སྤྱོད་ལ་འཆར་འགོད་བྱེད་པ། མཐའ་གཅིག་ཏུ་བཙན་འཛུལ་ཡོང་བའི་དགྲ་བོ་ཡོད་ཚད་ཕམ་པར་བྱས་ནས། སྟོབས་ཆེ་བའི་དམག་འཐབ་རྒྱབ་རྩ་ལ་བརྟེན་ནས་ཏང་དང་མི་དམངས་ཀྱིས་སྤྲོད་པའི་དུས་རབས་གསར་པའི་ལས་འགན་ཏན་ཏིག་འཁུར་དགོས།

ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་སྟོན་འོག ཕྱོགས་ཡོངས་ནས་འཛམ་གླིང་ཐོག་ཨང་དང་པོའི་དམག་དཔུང་འཛུགས་པའི་དམིགས་འབེན་ཕྱོགས་སུ་འབད་པས་བསྐྱོད་དགོས། ནུས་ཤུགས་ཆེན་པོས་ཆབ་སྲིད་དམག་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏན་ཏན་ཏིག་ཏིག་གིས་“དམར་མདོག་གི་གཞི་རྒྱུ་རྒྱུན་འཛིན་”དང་“དམག་དཔུང་སྟོབས་ཆེར་གཏོང་བའི་འགན་ལྕི་འཁུར་བ་”བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོ་སྤེལ་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ས་ཞིང་གཤིན་པོའི་སྟེང་རྩ་བ་ཚུགས་ནས་ལོ་འདབ་རྒྱས་ཤིང་འབྲས་བུ་སྨིན་ལ། ནམ་ཡང་མི་དམངས་དམག་དཔུང་གི་ངོ་བོ་དང་རྩ་དོན། རང་གཤིས་རྒྱུན་འཁྱོངས་བྱས་པས། མཐའ་གཅིག་ཏུ་རྣམ་དག་དང་གཙང་མ། ཡིད་རྟེན་རུང་ངེས་ཡིན། ནུས་ཤུགས་ཆེན་པོས་སྒྱུར་བཅོས་དམག་དར་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། ཆབ་སྲིད་ལམ་ལུགས་སྙོམས་སྒྲིག་དང་འགུལ་སྐྱོད་ལམ་སྲོལ་གསར་གཏོད། དམག་དོན་དོ་དམ་གསར་བརྗེའི་ཐོག་དོ་སྣང་བྱས་ནས་ ཤུགས་རྒྱག་པ་དང་། ཕྱོགས་ཡོངས་ནས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་དམིགས་འབེན་མངོན་འགྱུར་བྱེད་དགོས། ནུས་ཤུགས་ཆེན་པོས་ཚན་རྩལ་གྱིས་དམག་དཔུང་སྟོབས་ཆེར་གཏོང་བར་སྐུལ་འདེད་དང་། སང་ཉིན་གྱི་དམག་འཐབ་ལེགས་པོ་རྒྱག་པར་དམིགས་ནས། ཚན་རྩལ་ནི་སྲོག་ཤིང་གི་འཐབ་འཛིང་ནུས་ཤུགས་ཡིན་པའི་བསམ་བློ་ཇེ་མཐོར་གཏོང་བ་དང་། རིག་ནུས་ཅན་གྱི་གལ་ཆེ་བའི་འཕེལ་རྒྱས་ཁ་ཕྱོགས་འདི་དམ་འཛིན་བྱས་ནས། རང་འགུལ་གསར་གཏོད་གོམ་སྟབས་མགྱོགས་སུ་གཏོང་བ་དང་། འཐབ་འཛིང་རང་བཞིན་དང་སྔོན་མཐོང་རང་བཞིན། མགོ་སློག་རང་བཞིན་གྱི་ལག་རྩལ་ཐོད་བརྒལ་ཡོང་བར་སྐུལ་འདེད་བཏང་ཞིང་། དམག་དོན་ཤེས་ལྡན་མི་སྣ་གསོ་སྦྱོང་མ་ལག་དང་དམག་དོན་མི་ནུས་ཐོན་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཧུར་ཐག་སྒོས་རྣམ་པ་གསར་པའི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་དམག་དཔུང་ནན་མོ་བཅོས་སྐྱོང་བྱེད་པ་དང་། ནུས་ཤུགས་ཆེན་པོས་ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་ཇེ་དྲག་གཏོང་བ། དཔོན་དམག་གི་ཁྲིམས་སྐྱོང་བྱང་ཚད་ཇེ་མཐོར་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། དམག་སྐྱོང་བྱེད་ཐབས་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཕྱུག་པོ་དང་དམག་དཔུང་སྟོབས་ལྡན་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མགྱོགས་མྱུར་ངང་རྒྱུ་ཆ་ཆ་ཚང་དང་ཁྱབ་ཁོངས་མང་པོ། ཕན་ནུས་མཐོ་བའི་དམག་དམངས་མཉམ་སྡེབ་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་གནས་བབ་ཆགས་པར་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ཕྱོགས་བསྡུས་ཕན་ནུས་ཆེས་མཐོ་ཅན་དུ་མངོན་འགྱུར་བྱེད་དགོས།

ལམ་ཐག་ལེ་དབར་ཁྲི་ལས་བརྒལ་ཡང་། ཐོག་མའི་བསམ་འདུན་རྡོ་ལྟར་བརྟན། འགོ་ཚུགས་ས་གསར་པའི་སྟེང་། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། མཛེས་སྡུག་ལྡན་པའི་མ་འོངས་པར་དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་བྱ་གཞག་ལ་མུ་མཐུད་ནས་འབད་འབུངས་ལྷོད་མེད་བྱས་ཏེ་སླར་ཡང་གཟི་འོད་བསྐྲུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ཡོད་ཅིང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་ན། ངེས་པར་དུ་ཕྱོགས་ཡོངས་ནས་འཛམ་གླིང་ཐོག་ཨང་དང་པོའི་དམག་དཔུང་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱས་ཐུབ།

བློ་བཟང་ལྷ་མོས་བསྒྱུར།