ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་བཟུང་ནས་དུས་གསར་པའི་ཕྱི་ཕྱོགས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

དབྱང་ཅེ་ཁྲི།

ཡུན་རིང་མ་འགོར་བའི་སྔོན་ལ་ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཚོགས་འདུ་བདེ་བླག་ངང་སྐོང་འཚོགས་བྱས། འདི་ནི་འཛམ་གླིང་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ་དང་ལེགས་སྒྲིག་ཆེན་པོ་བཅས་ཀྱི་འགག་རྩའི་དུས་སྐབས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་རྒྱབ་ལྗོངས་ཆེན་པོའི་འོག་ཏུ་བསྡུས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་ཚོགས་ཐེངས་ཤིག་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་ཆེན་པོ་ཞིག་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་མཛུབ་སྟོན་གྱི་གོ་གནས་གཏན་འབེབས་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་པ་དང་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པ། དུས་རབས་གསར་པའི་ཕྱི་ཕྱོགས་ལས་དོན་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་པ་དེ་རེད།

གཅིག

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་སྣེ་ཁྲིད་ནས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བྱས་པ་དང་། ཉེན་ཁ་དང་ཉམས་སད་མང་པོ་བརྒྱུད་མྱོང་ལ། དམག་འཁྲུག་ཆེན་པོ་མི་ཉུང་བ་ཞིག་ལ་རྒྱལ་ཁ་བླངས་ཤིང་། ལས་དོན་ཆེན་པོ་དང་སྒྲུབ་དཀའ་བ་མང་པོ་ཞིག་ལེགས་འགྲུབ་བྱུང་བ་བཅས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལམ་བུ་གསར་པ་ཞིག་གཏོད་པ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བར་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་པ་རེད། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་གདེང་ཚོད་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། འཐབ་ཇུས་ཇུས་འགོད་དང་གོ་ལ་ཧྲིལ་པོའི་བཀོད་སྒྲིག་རྒྱུན་འཁྱོངས། རྒྱལ་ཁབ་ཀྱི་སྲོག་ཤིང་དང་གལ་ཆེའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས། མཉམ་ལས་མཉམ་རྒྱལ་དང འགན་འཁྲི་དང་ཁེ་ཕན་གཅིག་ལྕོགས་བྱེད་པ་རྒྱུན་འཁྱོངས། མཐའ་ཚད་སྲུང་བའི་བསམ་བློ་དང་ཉེན་ཁའི་འདུ་ཤེས་འཛིན་པ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས། གསར་གཏོད་རང་བཞིན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྐུལ་འདེད་བཏང་བར་བརྟེན། ལོ་རྒྱུས་རང་བཞིན་ལྡན་པའི་ལེགས་འབྲས་སྨིན་ཡོད་པ་དང་། རྩ་ཆེ་བའི་ཉམས་མྱོང་བསགས་ཡོད་པ་རེད།

འདས་པའི་ལོ་5ལྷག་གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཕྱོགས་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། ཁྱོན་བསྡོམས་འཚམས་འདྲི་ཐེངས་30དང་རྒྱལ་ཁབ་61ལ་བསྐྱོད་པ་དང་། ས་ཁུལ་དང་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་ཡོངས་ལ་ཁྱབ་ཡོད། ཕྱི་འབྲེལ་ལག་ལེན་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་པ་དང་། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་གཞིག་གཏིང་ཟབ་མོ་བཏང་བའི་མོད་ལ། ཀྲུང་གོའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ལྡན་པ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་ཐུབ་པ། མིའི་རིགས་ཀྱི་འཕེལ་རྒྱས་མདུན་བསྐྱོད་ཀྱི་རླབས་རྒྱུན་ལ་ཁྲིད་སྟོན་བྱེད་ཐུབ་པའི་འདུ་ཤེས་གསར་པ་དང་འདོད་ཚུལ་གསར་པ་དང་གྲོས་འགོ་གསར་པ་བཏོན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་སྟེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་གྲུབ་པ་བྱས་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་“རྒྱུན་འཁྱོངས་བཅུ་”ཡིས་སྤྱིའི་སྒྲོམ་གཞི་དང་སྲོག་ཤིང་དོན་གནད་དུ་བཟུང་སྟེ། དུས་རབས་གསར་པར་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་གྱི་ལོ་རྒྱུས་ཀྱི་ལས་འགན་དང་སྤྱིའི་དམིགས་འབེན་དང་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པའི་བྱེད་ཕྱོགས་དང་རྩ་དོན་རབ་དང་རིམ་པ་བཅས་ཁ་གསལ་བཟོས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ངོ་བོའི་བླང་བྱ་དང་། ནང་གནས་ཀྱི་ཆོས་ཉིད་དང་མདུན་བསྐྱོད་ཀྱི་ཁ་ཕྱོགས་བཅས་གཏིང་ཟབ་མོའི་སྒོ་ནས་གསལ་འགྲེལ་བྱས་ཡོད།

གཅིག་ནི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་པ་སྤྱི་ཁྱབ་བཀོད་འདོམས་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཕྱི་ཕྱོགས་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། འདི་ནི་ཕྱི་ཕྱོགས་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་འགན་སྲུང་ཡིན། ཀྲུང་གོའི་ལས་ཀ་ལེགས་པོ་སྒྲུབ་ཐུབ་མིན་གྱི་གནད་འགག་ནི་ཏང་ལ་ཐུག་ཡོད། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཁྲོད་ཐོག་མཐའ་བར་གསུམ་དུ་རང་དབང་རང་འཛིན་བྱེད་དགོས་པ་དང་། ངེས་པར་དུ་ཕྱི་འབྲེལ་གྱི་དབང་ཆ་ཆེན་པོ་ཏང་ཀྲུང་དབྱང་ལ་དབང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་འགྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས། བཀའ་རྒྱ་བརྩི་སྲུང་ནན་པོ་དང་གོམ་སྟབས་མི་འཆོལ་བར་གཅིག་གྱུར་ཡོང་བ་འགན་སྲུང་བྱེད་དགོས། ང་ཚོས་ཕྱི་ཕྱོགས་ལས་དོན་གྱི་གཅིག་བསྡུས་གཅིག་འགྱུར་གྱིས་འགོ་ཁྲིད་དང་མཐུན་སྦྱོར་ཡོང་བ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་ལ་སྐུལ་སློང་བྱས་ནས་རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་ཐུན་མོང་ཐོག་ཐེ་ཞུགས་དང་སྐུལ་འདེད་གཏོང་བ་དང་། ཏང་གི་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་ཕྱི་ཕྱོགས་ལས་དོན་གྱི་མཉམ་སྒྲུབ་ཀྱི་རྣམ་པ་ཆེན་པོ་གྲུབ་པ་བྱེད་དགོས།

གཉིས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་འགན་འཁྲི་རུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྐུལ་འདེད་གཏོང་དགོས། འདི་ནི་དུས་རབས་གསར་པས་སྤྲད་པའི་ཕྱི་ཕྱོགས་ལས་དོན་གྱི་ལོ་རྒྱུས་འགན་འཁྲི་རེད། དུས་རབས་གསར་པའི་ཕྱི་ཕྱོགས་ལས་དོན་ལེགས་སྒྲུབ་བྱེད་དགོས་ན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་དང་ཕྱི་ཕྱོགས་སྒོ་འབྱེད་བྱེད་པར་ཕྱོགས་སོ་སོ་དང་གནས་ཀུན་ལ་ཁྱབ་པ། སྤུས་ཚད་མཐོ་བ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཕྱིའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་དེ་བས་མང་བའི་བསམ་ཤེས་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་ཕྱི་འབྲེལ་འདུ་ཤེས་ཀྱི་ལག་ལེན་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་དང་འཛམ་གླིང་འཕེལ་རྒྱས་གཉིས་ཟུང་འབྲེལ་སྔར་བས་ལེགས་པོ་བྱས་ཏེ། ཀྲུང་གོའི་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བའི་རེ་འདུན་ཆེད་དུ་འབད་འཐབ་བྱེད་དགོས།

གསུམ་ནི་འཛམ་གླིང་ཞི་མཐུན་དང་ཐུན་མོང་ཐོག་གོང་འཕེལ་འགྲོ་བ་སྙིང་དོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས། དེ་ནི་དུས་རབས་གསར་པའི་ཕྱི་ཕྱོགས་ལས་དོན་གྱི་དམིགས་འབེན་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་རྒྱལ་ཁབ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས། རྒྱུན་རིང་ཞི་བདེ་ཡོང་བ། ཡོངས་ཁྱབ་བདེ་འཇགས་ཡིན་པ། ཐུན་མོང་ཐོག་དར་རྒྱས་ཡོང་བ། སྒོ་འབྱེད་བསྟུན་མཁས་དང་། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཇིག་རྟེན་ཞིག་བསྐྲུན་དགོས། དེ་དང་ཆབས་ཅིག་ཏུ། ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་རྒྱལ་ཁབ་དང་རྒྱལ་ཁབ་བར་འགྲོ་འོང་བྱེད་པའི་ལམ་བུ་གསར་པའི་ཐོག་བསྐྱོད་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ནི་དམིགས་འབེན་དང་ཁ་ཕྱོགས་ཡིན་ལ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་རྒྱུ་ནི་སྔོན་འགྲོ་དང་བརྒྱུད་ལམ་རེད། ང་ཚོས་ཀྲུང་གོའི་ཕྱི་འབྲེལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། མིའི་རིགས་མདུན་དུ་བསྐྱོད་པའི་ཁ་ཕྱོགས་ལ་སྣེ་ཁྲིད་དེ། ཀྲུང་གོ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་གཏོད་དགོས།

བཞི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་རྩ་བ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་འཐབ་ཇུས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས། དེ་ནི་དུས་རབས་གསར་པའི་ཕྱི་ཕྱོགས་ལས་དོན་ཐད་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་བའི་བླང་བྱ་ཡིན། “གདེང་ཚོད་བཞི་”ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་དད་སེམས་ཀྱི་གཞི་མ་ཡིན་ཞིང་། དེར་དུས་རབས་གསར་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་འདོད་བློ་དང་མི་དམངས་ཀྱི་སྙིང་སྟོབས་དང་རྒྱལ་སྤྱི་ཡི་སྣང་བརྙན་བཅས་མངོན་པར་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་རྒྱུན་འཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཡི་ལེགས་སྐྱེས་ཕུལ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོ་སྒྲེང་བ་དང་། འཐབ་ཇུས་ཀྱི་ཡིད་ཆེས་བརྟན་པོར་གཏོང་བ་བྱས་ན། ཕྱི་ཕྱོགས་ཀྱི་ལས་དོན་ལ་རྩ་བ་དང་བླ་སྲོག་ལྡན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལམ་ཁ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་ངེས་རེད།

ལྔ་ནི་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འདི་ནི་རང་རྒྱལ་གྱི་མ་འོངས་པའི་དུས་ཡུན་རིང་པོ་ཞིག་གི་ནང་ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་ཕྱི་ཕྱོགས་སུ་མཉམ་ལས་བྱེད་པའི་ཐད་ཀྱི་དོ་དམ་སྤྱིའི་འཆར་འགོད་ཡིན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལག་ལེན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། ཐུན་མོང་ཐོག་“རྒྱུད་གཅིག་ལམ་གཅིག་”བསྐྲུན་པའི་གྲོས་འགོ་ནི་ཀྲུང་གོ་ནས་བཏོན་པ་དང་། གོ་སྐབས་དང་གྲུབ་འབྲས་འཛམ་གླིང་ལ་དབང་། “རྒྱུད་གཅིག་ལམ་གཅིག་”བསྐྲུན་པ་ལ་བརྟེན་ནས། འབྲེལ་ཡོད་རྒྱལ་ཁབ་བར་གྱི་སྲིས་ཇུས་ཀྱི་འབྲེལ་གཏུག་དང་། སྒྲིག་ཆས་སྦྲེལ་མཐུད། ཚོང་དོན་ཤར་གཏོང་། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་དེ་གོམ་གང་མདུན་སྤོས་ཀྱིས་མང་རྒྱལ་མཉམ་རྒྱལ་གྱི་མཉམ་ལས་གྲུབ་འབྲས་སུ་འགྱུར་བ་བྱེད་དགོས། ང་ཚོས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཤིང་། རྒྱལ་ཁབ་ཁག་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བའི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་མདུན་ལྗོངས་གསར་སྐྲུན་བྱེད་དགོས།

དྲུག་ནི་ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་བྱེད་པ་རྨང་གཞི་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་དགོས། དེ་ནི་ཀྲུང་གོའི་ཕྱི་འབྲེལ་ངེས་པར་དུ་དུས་ཡུན་རིང་པོ་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་རྩ་དོན་ཡིན། རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཞི་བའི་ངང་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་གཉིས་ཕན་མཉམ་ཁེའི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་པ་དང་། དེ་ནི་ང་ཚོས་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྩ་བའི་ཁེ་ཕན་ལ་གཞིར་བཟུང་ནས་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཡིན། ཞི་བདེ་ཡོང་བར་ཕན་ཚུན་བརྩི་འཇོག་བྱེད་དགོས་ལ། འཕེལ་རྒྱས་གཏོང་བར་མཉམ་ལས་མཉམ་རྒྱལ་དགོས། ཀྲུང་གོ་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཞན་དག་ཀྱང་མཉམ་དུ་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། ཐོག་མཐའ་བར་གསུམ་དུ་ང་ཚོ་ནི་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྱོང་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་མཁན་བཅས་བྱེད་དགོས།

བདུན་ནི་ཕྱི་འབྲེལ་བཀོད་པ་ཟབ་སྤེལ་བྱེད་པ་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་སྒྲིག་བཟོ་བྱེད་དགོས། དེ་ནི་དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་ལ་ལྡན་པའི་ནང་དོན་གལ་ཆེན་ཞིག་ཡིན། རྒྱལ་ཆེན་མཐུན་སྦྱོར་དང་མཉམ་ལས་གཏོང་བའི་སྒྲིག་གཞི་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། འཕེལ་རྒྱས་དོ་མཉམ་ཡིན་པའི་རྒྱལ་ཆེན་གྱི་འབྲེལ་བའི་གཞི་སྒྲོམ་སྐུལ་འདེད་གཏོང་དགོས་པ་དང་། ཉེ་དྲང་ཕན་བཟོད་བཅས་ཀྱི་འདུ་ཤེས་ལྟར་ཁྱིམ་མཚེས་དང་འཆམ་ཞིང་། ཁྱིམ་མཚེས་རོགས་ཟླར་བྱེད་པའི་མཐའ་འཁོར་ཕྱི་འབྲེལ་བྱེད་ཕྱོགས་ལ་བརྟེན་ནས་མཐའ་འཁོར་རྒྱལ་ཁབ་ཁག་དང་ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བར་ཤུགས་སྣོན་རྒྱག་དགོས། ཡང་དག་པའི་ཁེ་ཕན་ལྟ་བ་དང་ལྷག་བསམ་རྣམ་དག་གི་འདུ་ཤེས་བཟུང་སྟེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་པ་ཇེ་ལེགས་སུ་གཏོང་བ་དང་། ཕྱོགས་མང་ཕྱི་འབྲེལ་ལས་དོན་ཧུར་བརྩོན་གྱིས་ལེགས་པར་སྒྲུབ་པ་བཅས། ཕྱི་འབྲེལ་བཀོད་པ་རྒྱུན་འཆད་མེད་པར་གཏིང་ཇེ་ཟབ་དང་འཐུས་ཇེ་ཚང་དུ་གཏོང་དགོས། ང་ཚོས་ཕྱོགས་མང་པོ་དང་། རིམ་པ་མང་པོ། དངོས་སྣང་ཅན་གྱི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་ཞིག་སྒྲིག་བཟོ་བྱས་ཏེ། གོ་ལ་ཧྲིལ་པོར་ཁྱབ་པའི་“གྲོགས་ཚོམས་”ཤིག་གྲུབ་པ་བྱེད་དགོས།

བརྒྱད་ནི་དྲང་སྙོམས་དྲང་བདེན་གྱི་འདུ་ཤེས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་གཏོང་དགོས། དེ་ནི་དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་གྱི་འབད་བརྩོན་བྱེད་ཕྱོགས་གལ་ཆེན་ཞིག་ཡིན། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་ལ་འཕོ་འགྱུར་ཟབ་མོ་འབྱུང་བའི་དུས་རིམ་གལ་ཆེན་ཞིག་ཏུ་གནས་ཡོད་ཅིང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་ཉིད་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་གྱི་མདུན་གྲལ་དང་གནད་འགག་གི་གནད་དོན་ཞིག་རེད། ང་ཚོས་གོ་སྐབས་དམ་འཛིན་བྱས་ཐོག་འགན་ལྗིད་མོ་འཁུར་སྤོབས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དང་ཁྲིམས་སྐྱོང་ཅན་དར་སྤེལ་གཏོང་བའི་གྲོས་འགོ་འདོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཇེ་མཐོ་འགྲོ་བ་སྐུལ་སྤེལ་གཏོང་བ། སྔར་བས་དོ་སྙོམས་ཡིན་པ་དང་རྒྱལ་ཁབ་མང་ཆེ་བའི་འདོད་བློ་དང་ཁེ་ཕན་མཚོན་ཐུབ་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

དགུ་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་ཉིད་གཞི་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས། དེ་ནི་ཕྱི་ཕྱོགས་ལས་དོན་གྱི་འགོ་ཚུགས་ས་དང་རྐང་ཚུགས་ས་དེ་ཡིན། ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས་དང་། མངའ་ཁོངས་ཚང་བ་བཅས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། རྣམ་པ་སྣ་མང་གི་ཁ་ཕྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་དང་རྡུང་རྡེག་གཏོང་བ། དཔལ་འབྱོར་དངུལ་རྩའི་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་པ། ཕྱི་ཕྱོགས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་པ་བཅས། ང་ཚོས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་གི་བྱེད་ཐབས་དང་བྱེད་སྟངས་རྒྱུན་འཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་གོང་སྤེལ་དུ་གཏོང་དགོས་ལ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ནུས་ལྡན་སྔོན་འགོག་དང་སེལ་བ་བྱེད་པ་བཅས། སྒྱུར་བཅོས་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་ཆེད་དུ་སྲུང་སྐྱོང་བྱེད་དགོས།

བཅུ་ནི་ཕྱི་ཕྱོགས་ལས་དོན་གྱི་སྲོལ་རྒྱུན་བཟང་པོ་དང་དུས་རབས་ཀྱི་ཁྱད་ཆོས་གཉིས་ཟུང་དུ་འབྲེལ་བ་ཁ་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཕྱི་འབྲེལ་གྱི་ཐུན་མིན་གྱི་ཉམས་འགྱུར་གསར་བཞེངས་བྱེད་དགོས། དེ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་བསམ་བློའི་རྟགས་མཚན་ཡིན། ཀྲུང་ཧྭ་མི་རིགས་ནི་ཞི་བདེ་ལ་དགའ་ཞིང་། དེ་ལ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་གཤིས་རྒྱུད་དང་གནམ་འོག་སྤྱི་སྙོམ་གྱི་འཛམ་གླིང་འདུ་ཤེས་ལྡན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོར་རང་བཙན་རང་བདག་དང་། ཞི་བདེའི་ངང་འཕེལ་རྒྱས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཕྱི་འབྲེལ་སྲོལ་རྒྱུན་ཆགས། དུས་རབས་གསར་པ་སླེབས་པ་ནས། ཕྱི་ཕྱོགས་ལས་དོན་ལ་དུས་བསྟུན་མདུན་བསྐྱོད་དང་། ཧུར་ཐག་ཆེན་པོ། གསར་གཏོད་ཡར་བརྩོན་བཅས་ཀྱི་རྣམ་པ་གསར་པ་མངོན་ཡོད་ཅིང་། སྤྱོད་གོ་ཆོད་ཅིང་ནུས་པ་ལྡན་པའི་འཐབ་ཇུས་བསམ་བློ་དང་ཐབས་ཇུས་ཀྱི་བྱེད་ཐབས་ཆ་ཚང་ཞིག་ཆགས་ཡོད་པ་རེད། ང་ཚོས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། རྒྱུན་འཆད་མེད་པར་ཕྱི་འབྲེལ་གྱི་ཐབས་ཇུས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྔར་བས་མཐོ་བའི་ཚད་རིམ་དུ་སླེབས་པ་བྱེད་དགོས།

ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལག་ལེན་དངོས་ཟུང་འབྲེལ་བྱེད་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་དང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་ཉིད་ཕྱི་འབྲེལ་ཁྱབ་ཁོངས་ཁྲོད་ཀྱི་གཅིག་སྡུད་མཚོན་ཚུལ་དང་། དེ་ནི་དུས་རབས་གསར་པའི་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་རེད།

གཉིས།

ང་ཚོས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་དགོངས་དོན་གྱི་སྙིང་པོ་དང་ཚན་རིག་གི་གོ་དོན་ལ་སློབ་སྦྱོང་ཏན་ཏིག་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱེད་དགོས་པ་མ་ཟད། བསམ་བློ་དང་བྱ་སྤྱོད་ཉིད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཕྱི་འབྲེལ་ལས་དོན་ཚོགས་འདུའི་དགོངས་པའི་སྟེང་གཅིག་འགྱུར་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློའི་སྟེང་གཅིག་འགྱུར་བྱེད་དགོས།

(གཅིག)དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ཆེན་པོ་ལ་ཡང་དག་ཁོང་དུ་ཆུད་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ཁོང་དུ་ཆུད་པ་བྱེད་དགོས་ན་ཡང་དག་པའི་ལོ་རྒྱུས་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། བྱེད་པོའི་འདུ་ཤེས་བཅས་འཛུགས་དགོས། ལོ་རྒྱུས་ཐོག་བལྟས་ན། ང་ཚོ་མདུན་བསྐྱོད་ཀྱི་གོ་རིམ་ཁྲོད་དཀའ་གནད་དང་འགྲན་སློང་སྣ་ཚོགས་ལ་འཕྲད་ངེས་པ་དང་། ངེས་པར་དུ་བློ་སྤོབས་ཆེན་པོས་རྒྱལ་ནང་དང་རྒྱལ་སྤྱི་ཟུང་འབྲེལ་བྱེད་པའི་འཐབ་ཇུས་སྟེང་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། སྤྱི་ཡོངས་ནས་བལྟས་ན། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་གཞི་གཙོ་བོ་ཡིན། ང་ཚོས་མུ་མཐུད་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་དགོས་ཤིང་། ཧུར་ཐག་སྒོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྒྲིག་བཟོ་བྱེད་པ་བཅས། རྒྱུན་འཆད་མེད་པར་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་བཞག་སྐུལ་འདེད་གཏོང་དགོས། བྱེད་པོའི་ཐོག་ནས་བལྟས་ན། རང་རྒྱལ་ནི་ཉིན་རེ་ནས་ཉིན་རེ་བཞིན་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་བསྐྱོད་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་དང་ཕྱི་རོལ་འཛམ་གླིང་བར་གྱི་འབྲེལ་བ་ནི་སྔར་བས་ཇེ་དམ་རེད། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་དགོས་པ་དང་། སྔར་བས་ཧུར་ཐག་སྒོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་བཅས། རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེན་པོ་འདོན་དགོས། ང་ཚོས་ཀྲུང་གོ་དང་འཛམ་གླིང་གི་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་གསལ་པོ་ཤེས་དགོས་པ་དང་། ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བའི་དོན་སྙིང་གསར་པ་ལ་ཁྱོན་ཡོངས་ནས་ངོས་འཛིན་དང་། ཀྲུང་གོ་དང་འཛམ་གླིང་སྤེལ་རེས་ཀྱི་ཆོས་ཉིད་གསར་པར་གནད་ལ་འཁེལ་བའི་སྒོ་ནས་གདེང་ཚོད་ལེན་པ། ཧུར་ཐག་གིས་ཀྲུང་གོ་དང་འཛམ་གླིང་མཉམ་སྐྱོད་ཀྱི་ཁ་ཕྱོགས་གསར་པ་ལ་ཁ་ལོ་བསྒྱུར་བ་བཅས་བྱེད་དགོས།

(གཉིས)ལོ་རྒྱུས་འབྲེལ་མཚམས་དུས་སྐབས་ཀྱི་ཕྱི་ཕྱོགས་ལས་དོན་ལེགས་པར་ཏན་ཏིག་བསྒྲུབ་དགོས། བློ་མཐུན་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་ཉི་ཤུ་པ་ནི། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་སྦྲེལ་མཐུད་ཀྱི་དུས་མཚམས་ཤིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ཁྲོད་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་འཛམ་གླིང་སྣེ་མང་ཅན་འགྱུར་བ་སྐུལ་སྤེལ་མྱུར་དུ་གཏོང་བའི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་དགོས་པ་མ་ཟད། རྒྱལ་ཁབ་ཆེན་པོའི་བར་གྱི་ལེགས་སྒྲིག་གཏིང་ཟབ་གཏོང་བའི་འགྲོ་ཕྱོགས་ལའང་མཐོང་ཆེན་བྱེད་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཆེན་པོ་ཁོང་དུ་ཆུད་དགོས་པ་མ་ཟད། འཛམ་གླིང་དཔལ་འབྱོར་གྱི་གནས་སྟངས་ལ་འཕོ་འགྱུར་ཟབ་མོ་འབྱུང་བའི་འཕེལ་ཕྱོགས་ལའང་མཐོང་ཆེན་བྱེད་དགོས། རྒྱལ་སྤྱིའི་ཁོར་ཡུག་སྤྱིའི་ཆ་ནས་བརྟན་ལྷིང་ཡིན་པའི་གནས་བབ་ཆེན་པོ་ཁོང་དུ་ཆུད་དགོས་པ་མ་ཟད། རྒྱལ་སྤྱིའི་བདེ་འཇགས་ཀྱི་འགྲན་སློང་ནི་རྙོག་འཛིང་ཆེ་བའི་རྣམ་པ་ཞིག་ཡིན་པའང་ཁོང་དུ་ཆུད་པ་བྱེད་དགོས། ཤེས་དཔལ་སྣ་ཚོགས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གནས་བབ་ཁོང་དུ་ཆུད་དགོས་པ་མ་ཟད། བསམ་བློ་དང་རིག་གནས་མི་འདྲ་བས་ཕན་ཚུན་སྐུལ་རེས་བྱེད་པའི་དོན་དངོས་ལའང་མཐོང་ཆེན་བྱེད་དགོས། རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་སྦྲེལ་མཐུད་དུས་མཚམས་དང་འཛམ་གླིང་གི་འཕེལ་རྒྱས་གཞན་སྒྱུར་བྱེད་མཚམས་ཀྱི་ཕན་ཚུན་བརྩེགས་རེས་བྱས་པ་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འོས་མཚམས་ཀྱིས་ཁ་གཏད་དང་སེལ་བ་བྱེད་པ་ནི། ཕྱི་ཕྱོགས་ལས་དོན་ལས་ངེས་པར་དུ་འཁུར་དགོས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཐབ་ཇུས་འཆར་འགོད་དང་ཕྱོགས་བསྡུས་ཇུས་འགོད་བྱེད་པར་ཤུགས་སྣོན་རྒྱག་པ། གང་ནུས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ཡོང་བའི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས།

(གསུམ)ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྷུ་ཚིགས་གལ་ཆེན་དང་འབྲེལ་ཏེ། ཕྱི་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་འཆད་མེད་པར་གཏོད་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་སྒྲེང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་སྐུལ་འདེད་གཏོང་དགོས། མཉམ་གྲོས་དང་མཉམ་སྐྲུན་དང་མཉམ་སྤྱོད་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་ལག་ལེན་དུ་ཐེབས་པ་ནས་གཏིང་ཇེ་ཟབ་དང་། བརྟན་བགྲོད་རྒྱང་འཁྱོལ་བྱེད་པ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་བཀོད་སྒྲིག་ལེགས་པོ་བྱས་ཏེ། སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་འཕེལ་རྒྱས་དོ་སྙོམས་ཡིན་པའི་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བའི་སྒྲོམ་གཞི་འཛུགས་པ་སྐུལ་འདེད་གཏོང་དགོས། མཐའ་སྐོར་གྱི་ཕྱི་འབྲེལ་ལས་ཀ་ཡག་པོ་སྒྲུབ་སྟེ། མཐའ་འཁོར་གྱི་ཁོར་ཡུག་སྔར་བས་མཛའ་མཐུན་དང་སྔར་བས་ཁེ་ཕན་ཅན་དུ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ལག་གདང་སྦྲེལ་ནས་ཐུན་མོང་ཐོག་མདུན་བསྐྱོད་བྱེད་པ་དང་འཕེལ་རྒྱས་འགྲོ་བའི་རྒྱུན་རྣམ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་འཛམ་གླིང་བར་གྱི་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་ལྟོས་བྱེད་པ་བཅས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་འཕེལ་རྒྱས་འགྲོ་བའི་གནས་བབ་ཆེན་པོ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་། མི་རིགས་བསྐྱར་དར་ལ་ཞབས་འདེགས་སྒྲུབ་པ་དང་། མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་གཙོ་ཐིག་འདི་དང་དམ་པོར་འབྲེལ་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཉིད་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་སླེབས་རྒྱུར་རྒྱུན་འཆད་མེད་པར་སྐུལ་འདེད་གཏོང་དགོས།

(བཞི)ཏང་གི་ཕྱི་ཕྱོགས་ལས་དོན་གྱི་གཅིག་བསྡུས་གཅིག་འགྱུར་གྱི་འགོ་ཁྲིད་རྒྱུན་འཆད་མེད་པར་སྲ་བརྟན་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་ནི་རྒྱལ་ཁབ་བློ་སྤོབས་ཀྱི་གཅིག་བསྡུས་མངོན་ཚུལ་ཡིན་པས། ཕྱི་འབྲེལ་གྱི་དབང་ཆ་ངེས་པར་དུ་ཏང་ཀྲུང་དབྱང་ལ་དབང་བ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་གཞི་རྩའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དེ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཐུབ་པའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཚན་རིག་དང་མཐུན་པའི་མཛུད་ཁྲིད་བྱས་པས་ཡིན། ང་ཚོས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་འགྱུར་གྱི་འགོ་ཁྲིད་བྱེད་པ་སྲུང་སྐྱོང་བྱེད་པ་དང་། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཕྱོགས་སོ་སོར་མཐུན་སྦྱོར་བྱས་ཏེ་ཕྱི་ཕྱོགས་ལས་དོན་གྱི་ཕྱོགས་སོ་སོར་ལག་ལེན་མཐར་ཕྱིན་བསྟར་བ་བཅས་ཀྱིས། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་འགན་སྲུང་བྱེད་དགོས།

གསུམ།

དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་། ཕྱི་ཕྱོགས་ལས་དོན་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་དང་ཀྲུང་དབྱང་ཕྱི་དོན་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་འཛིན་དགོས་པ་དང་། མགོ་འཇུག་བར་གསུམ་གྱི་ལས་དོན་གསལ་པོ་ཤེས་པ་དང་མཐར་ཕྱིན་པ་དང་། དོན་འཁྱོལ་བྱེད་པ་བཅས་ཀྱིས། དུས་རབས་གསར་པའི་ཕྱི་ཕྱོགས་ལས་དོན་རྒྱུན་འཆད་མེད་པར་རྣམ་པ་གསར་པ་མངོན་པར་བྱེད་པ་དང་། ལས་དོན་གསར་པ་སྒྲུབ་ཐུབ་པ་བྱེད་དགོས།

(གཅིག) ཆབ་སྲིད་ཀྱི་གནས་ས་མཐོ་རུ་གཏོང་དགོས་པ་དང་། གོམ་གང་མདུན་སྤོས་ཀྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པས་བསམ་བློར་དྲག་ཆས་སྤྲས་དགོས། བསམ་བློ་ནི་འགུལ་སྐྱོད་ཀྱི་སྔོན་ཁྲིད་པ་དང་། རིགས་པའི་གཞུང་ལུགས་ནི་ལག་ལེན་གྱི་ཕྱོགས་སྟོན་ཡིན། ང་ཚོས་“འདུ་ཤེས་བཞི་”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི་”རྒྱུན་འཆད་མེད་པར་བརྟན་པོར་གཏོང་བ། རང་རྟོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོ་གཅིག་གྱུར་ཡོང་དགོས་པ་དང་། མཐའ་གཅིག་ཏུ་སྲོག་ཤིང་ལ་སྲུང་སྐྱོང་དང་། སྲོག་ཤིང་ལ་གོང་བཀུར། སྲོག་ཤིང་ལ་ཞབས་འདེགས་ཞུ་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློའི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལོན་པ་བྱེད་པ་དང་། དེར་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ་དང་ཐབས་ཤེས་བཅས་ཁོང་དུ་ཆུད་པ་དང་དོན་འཁྱོལ་ཡོང་བྱེད་དགོས་ཤིང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ། དེང་སྐབས་དང་འབྱུང་འགྱུར་ཟུང་འབྲེལ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས། དེ་དག་ཕྱི་ཕྱོགས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པས་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་ལ་ཁ་ལོ་སྒྱུར་བ་དང་ཕྱི་འབྲེལ་ལས་དོན་གྱི་འགན་བབ་ལྕི་མོ་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གང་ནུས་གཏོང་བ་དང་། ཕྱི་འབྲེལ་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་པའི་འཇོན་ཐང་མཐོ་རུ་གཏོང་བ་བཅས། ཕྱི་ཕྱོགས་ལས་དོན་རྒྱུན་འཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

(གཉིས)བྱེད་སྒོ་འགངས་ཆེན་ལ་དམིགས་ཏེ། གོམ་གང་མདུན་སྤོས་ཀྱིས་ཕྱི་ཕྱོགས་ལས་དོན་ལ་སྐུལ་འདེད་བཏང་སྟེ་སྔར་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ཡོང་བར་ཞབས་འདེགས་སྒྲུབ་དགོས། ད་ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཡིན་པ་དང་། པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཆིང་ཏའོ་དབུ་ཚོགས་རྒྱལ་ཁའི་ངང་འཚོགས་ཟིན། ཡུན་རིང་མ་འགོར་བའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོའི་ཐོག་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ཤིང་། “རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་ཡོད། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁའི་ངང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། སེ་ནེ་ཀལ། རུ་ཝང་ཏ། ལྷོ་ཨ་ཧྥེ་རི་ཁ། མོ་རི་ཐིའུ་སིའི་བཅས་ལ་མཚམས་འདྲི་བྱས་པ་མ་ཟད་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་པར་ཞུགས་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། ད་ནས་བཟུང་། ཀྲུང་གོ་དང་ཨ་ཧྥེ་རུ་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་དང་། ཧྲང་ཧའེ་ཡི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉིས་ཀྱི་ཕྱི་འབྲེལ་ལས་དོན་དང་སྐབས་རྗེས་མའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚམས་བསྐྱོད་གལ་ཆེན་རབ་དང་རིམ་པའི་འབྲེལ་ཡོད་ལས་དོན་དག་གང་ནུས་ཀྱིས་ལེགས་པོར་སྒྲུབ་སྟེ། ལེགས་འགྲུབ་ཕུན་སུམ་ཚོགས་པ་ཡོང་བར་ཁག་ཐེག་ཏན་ཏིག་བྱེད་དགོས། སང་ལོར་ང་ཚོས་ཀྲུང་གོ་གསར་པ་བཙུགས་ནས་ལོ་ངོ་70འཁོར་བའི་དགའ་སྟོན་རྟེན་འབྲེལ་བསུ་དགོས་པ་མ་ཟད། ད་དུང་“རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་སྤེལ་རྒྱུ་ཡིན། མ་འོངས་པའི་ལོ་ཤས་རིང་ལ། ང་ཚོས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་འབྱོར་འབྲིང་སྤྱི་ཚོགས་དང་། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བཅས་བསུ་དགོས། དེར་བརྟེན། ང་ཚོས་ཕྱོགས་ཡོངས་ལ་བསམ་གཞིག་གང་ལེགས་གཏོང་བ་དང་། སྐས་རིམ་རེ་རེ་བཞིན་རིམ་གྱིས་སྐུལ་འདེད་གཏོང་དགོས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱེད་སྒོ་གལ་ཆེན་ལ་དམིགས་ནས། ཕྱི་ཕྱོགས་ཀྱི་ལས་དོན་སོ་སོ་གང་ནུས་ཡག་པོ་སྒྲུབ་པ་བཅས། འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་བཅས་མངོན་འགྱུར་བྱེད་པར་དགེ་མཚན་ལྡན་པའི་ཆ་རྐྱེན་དང་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།

(གསུམ)གསར་གཏོད་དང་ཡར་བརྩོན་བྱེད་ཕོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱི་འབྲེལ་ལས་དོན་གྱི་རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས། ང་ཚོས་ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ། འགན་འཁྲི་འཁུར་ཕོད་པ་དང་། ཕྱོགས་ཡོངས་ནས་རྒྱལ་ནང་གི་སྒྱུར་བཅོས་དང་འཕེལ་རྒྱས་བརྟན་ལྷིང་བཅས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། ཕྱི་ཕྱོགས་ལས་དོན་ཐད་ཀྱི་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ལ་ཕྱོགས་བསྡོམས་གཏིང་ཟབ་བྱེད་པ་དང་། རྒྱལ་སྤྱིའི་གནས་བབ་ཀྱི་རྗེས་འདེད་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས། ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་སྔར་བས་མང་པོ་འབུལ་དགོས། དུས་རབས་གསར་པའི་ཕྱི་ཕྱོགས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གནད་དོན་དང་འགྲན་སློང་སྣ་ཚོགས་ལ་ནུས་ལྡན་ངང་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་དགོས་ཤིང་། ཟམ་མི་ཆད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ངོམ་དགོས།

(བཞི)དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱི་ཕྱོགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ཕྱི་ཕྱོགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་“ནམ་ཡང་ཉམས་པ་མེད་པ་བཞི་”ཡི་སྤྱིའི་བླང་བྱ་ལྟར། ཏང་དང་རྒྱལ་ཁབ་ལ་བློ་དཀར་བ་དང་། མི་དམངས་ལ་བློ་དཀར་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། ལས་སྒོ་ལ་བྱང་ཆུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ། སྒྲིག་ཁྲིམས་ནན་པོ་ཡིན་པ་བཅས་ཕྱི་ཕྱོགས་ལས་དོན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། སློབ་སྦྱོང་བྱེད་པ་དང་རྟོག་དཔྱད་ཞིབ་འཇུག་བྱེད་པའི་གོམས་སྲོལ་དར་སྤེལ་གཏོང་དགོས་པ་དང་། ཤེས་བྱའི་གྲུབ་ཚུལ་དང་ཤེས་བྱའི་གསོག་འཇོག་འཐུས་ཚང་དུ་གཏོང་བ། ཆེད་ལས་ཀྱི་ནུས་པ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བཅའ་སྡོད་མི་སྣའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ཐོག ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཉིད་ཕྱི་ཕྱོགས་ལས་དོན་འཐབ་ཕྱོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བ་བྱེད་དགོས།

(ལྔ)ལག་ལེན་དོན་འཁྱོལ་བྱ་རྒྱུ་ནན་པོར་བཟུང་སྟེ། སྔར་ལས་ལྷག་པར་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ནན་གྱིས་བསྟན་དོན། བཀོད་སྒྲིག་བྱེད་ཐེངས་གཅིག་དང་། དོན་འཁྱོལ་བྱེད་ཐེངས་དགུ་ཞེས་པ་ལྟར། སྡེ་ཁག་སོ་སོ་དང་ས་གནས་ཁག་གིས་འགན་འཁྲིའི་ལས་བགོས་ལ་གཞིགས་ཏེ། རང་འགུལ་རང་བཞིན་དང་གསར་སྐྲུན་རང་བཞིན་འདོན་སྤེལ་བྱེད་པ་དང་། ལས་བགོས་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ཀྱི་ཇུས་གཞི་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། ཕྱི་ཕྱོགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་ལེགས་པོ་གཏོང་བར་སྐུལ་འདེད་དོན་འཁྱོལ་བྱེད་པ་དང་། ཕྱིར་སྡོད་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་ཕྱིར་སྡོད་ལས་ཁུངས་ཀྱི་དོ་དམ་སྒྲིག་སྲོལ་ཆགས་པར་བྱས་ཏེ། རྒྱུན་འཆད་མེད་པར་ཕྱི་ཕྱོགས་ལས་དོན་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་འགྲན་མེད་ཀྱི་མདུན་ལམ་འོད་སྟོང་ལྡན་པ་མངོན་བཞིན་ཡོད་པ་དང་། ཕྱི་ཕྱོགས་ལས་དོན་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཀྲུང་དབྱང་ཕྱི་འབྲེལ་ལས་དོན་ཚོགས་འདུའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབད་འབུངས་ཡར་བརྩོན་དང་། གསར་གཏོད་གསར་སྤེལ་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལེའུ་གསར་པ་རྩོམ་དགོས་ཤིང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ། འཛམ་གླིང་ཞི་བའི་ངང་འཕེལ་རྒྱས་དང་དར་རྒྱས་གོང་འཕེལ་འགྲོ་བའི་བླ་མེད་ཀྱི་བྱ་གཞག་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།

སངས་རྒྱས་སྐྱིད་ཀྱིས་བསྒྱུར།