ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཅངས་ནས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས།

པ་ཐེར།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་ཞེས་བསྟན་གནང་བ་དང་། མ་ཟད་ཐེངས་མང་པོར་“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་དགོས་”ཞེས་ནན་བཤད་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་དགོས་”ཞེས་པ་ཏང་གི་སྒྲིག་ཡིག་ནང་བྲིས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པའི་འཐབ་ལམ་གསར་པའི་ཐུན་མོང་གི་འདོད་བློ་དང་རྩ་བའི་བསྲུང་བྱར་གྱུར་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ནི་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་ཐོན་དངོས་ཡིན་པ་དང་། དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་སེམས་ཁམས་ཀྱི་ཁྱད་ཆོས་གཅིག་སྡུད་ཀྱིས་མཚོན་ལ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་ཡོང་བའི་བསམ་པའི་འབྲེལ་ཐག་སྲ་མོ་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་སྤེལ་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོའང་ཡིན། ང་ཚོའི་ཏང་གི་དུས་རབས་གསར་པའི་མི་རིགས་ལས་ཀའི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་གལ་ཆེན་འདི་གཏིང་རྟོགས་པ་དང་ཡང་དག་པར་ཁོང་ཆུད་བྱས་ན། རྒྱལ་ཁབ་གཅིག་གྱུར་དང་ཡུན་རིང་བདེ་འཁོད་ཡོང་བ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་ཡོང་བར་སྐུལ་འདེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་གལ་ཆེ་ཞིང་ཡུན་རིང་བའི་དོན་སྙིང་ལྡན་ཡོད།

གཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་མི་རིགས་ལས་ཀའི་སྐོར་གྱི་རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན།

ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ལོ་རྒྱུས་ཆོས་ཉིད་གསལ་སྟོན་བྱས་པ། རང་རྒྱལ་གྱི་ལོ་ངོ་5000ལྷག་གི་ཤེས་རིག་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད། མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་རི་ཀླུང་མཛེས་པོ་དང་མངའ་ཁོངས་ཆེན་པོ་གསར་སྤེལ་དང་། ཐུན་མོང་ཐོག་ཡུན་རིང་བའི་ཀྲུང་གོའི་ལོ་རྒྱུས་དང་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད། ཐུན་མོང་ཐོག་རླབས་ཆེའི་གསར་སྐྲུན་གྱི་སྙིང་སྟོབས་དང་། རླབས་ཆེའི་འབད་བརྩོན་གྱི་སྙིང་སྟོབས། རླབས་ཆེའི་མཐུན་སྒྲིལ་གྱི་སྙིང་སྟོབས། རླབས་ཆེའི་ཕུགས་བསམ་གྱི་སྙིང་སྟོབས་བཅས་སྙིང་པོར་གྱུར་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་སྐྱེད་སྲིང་བཅས་བྱས་མཐར། ད་ལྟའི་མི་རིགས་56ཕན་ཚུན་སོ་ལྟ་རོགས་རེས་དང་སྤུན་ལྟར་བྱམས་ཤིང་བརྩེ་བའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་གྲུབ་པ་རེད། ཀྲུང་གོའི་ལོ་རྒྱུས་ནི། གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཆགས་པའི་འཕེལ་རྒྱུས་ལོ་རྒྱུས་ཤིག་དང་། ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཞི་གཅིག་གི་རྣམ་པ་ཆགས་པའི་འཕེལ་རྒྱས་ལོ་རྒྱུས་ཤིག “གཅིག་གྱུར་ཆེན་མོ་”ཡོང་བར་འབད་ཀྱང་ཁྱད་པར་ལའང་བརྩི་འཇོག་བྱེད་པའི་ཀྲུང་ཧྭའི་ཆབ་སྲིད་ཤེས་དཔལ་ཆགས་པའི་འཕེལ་རྒྱས་ལོ་རྒྱུས་ཤིག ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཆགས་པའི་འཕེལ་རྒྱས་ལོ་རྒྱུས་ཤིག་བཅས་ཡིན་ཏེ། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྐྱེད་སྲིང་བྱེད་པའི་ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོ་རང་ཡིན། ལྷག་པར་དུ་1840ལོར་ཉལ་ཐའི་དམག་འཁྲུག་བྱུང་རྗེས་སུ། རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱིས་ཁྲག་དང་རྔུལ་ཆུས་བསྐྲུན་པའི་ཐུན་མོང་འཐབ་རྩོད་ཁྲོད་“ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་སྟེ། མཉམ་དར་མཉམ་རྒུད་ཀྱི་བདག་ཉིད་ཅན་ཡིན་པ་”ལ་ངོས་ཟིན་ཟབ་མོ་ཐོབ་པ་དང་། “ཀྲུང་ཧྭ་མི་རིགས་”དེ་མི་རིགས་ཁག་གི་མི་དམངས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་མཚན་ཉིད་དང་གཏོགས་སེམས་སུ་གྱུར། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཐོག་མར་ཆགས་པའི་མཚོན་རྟགས་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་ཀྲུང་གོ་གསར་པ་བཙུགས་ཏེ། “བྱེ་ཕུང་”ལྟ་བུ་དང་གཞན་དབང་དུ་གྱུར་པའི་ལོ་རྒྱུས་ཡོངས་སུ་མཇུག་བསྒྲིལ་བ་དང་། ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་འགྲོ་བའི་ལེའུ་གསར་པའི་འགོ་ཚུགས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ནི་འཕེལ་རིམ་དེའི་ཁྲོད་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་བྱུང་བ་མ་ཟད་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ལྡན་དུ་གྱུར་པ་རེད། “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་དགོས་”ཞེས་པའི་གལ་ཆེའི་ཆོད་གཏམ་དེ་ནི། རང་རྒྱལ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ལོ་རྒྱུས་སྲོལ་རྒྱུན་ལ་གནད་ལ་ཁེལ་བར་ཁོང་ཆུད་བྱས་པ་ཞིག་དང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ལོ་རྒྱུས་ཆོས་ཉིད་གསལ་སྟོན་བྱས་པ་ཞིག་ཡིན་ཏེ། ཀྲུང་ཧྭ་མི་རིགས་ལ་སྣེ་ཁྲིད་བྱས་ཏེ་རིམ་པ་སྔར་ལས་མཐོ་བའི་ཐོག་ནས་མཐུན་སྒྲིལ་ཆེན་མོ་དང་ཡར་ཐོན་ཆེན་མོ་མངོན་འགྱུར་བྱེད་ཐུབ་ངེས་ཡིན།

མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རྒྱས་གསར་ཤོས། མར་ཁེ་སི་རིང་ལུགས་ཀྱིས་ནམ་ཡང་སྤྱི་ཚོགས་སྤྱིའི་གནད་དོན་གྱི་མཐོ་ཚད་ནས་མི་རིགས་གནད་དོན་ལ་ལྟ་ཞིབ་དང་ངོས་འཛིན་དང་ཐག་གཅོད་བྱེད་པ་དང་། མི་རིགས་ཁག་གིས་འདྲ་མཉམ་གྱི་རྨང་གཞིའི་ཐོག་ནས་མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་མངོན་འགྱུར་བྱེད་པ་ནན་བསྟན་བྱས་ཡོད། ང་ཚོའི་ཏང་གིས་དབུ་བརྙེས་པའི་ཉིན་ནས་བཟུང་། རང་རྟོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་གི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་རྩ་འཛིན་བཏོན་པ་སྟེ། ནང་ཁུལ་དུ་རྒྱལ་ནང་གི་མི་རིགས་ཁག་འདྲ་མཉམ་ཡོང་བར་བརྩོན་ལེན་བྱ་རྒྱུ་དང་། ཕྱི་ཕྱོགས་སུ་ཀྲུང་ཧྭ་མི་རིགས་བཅིངས་འགྲོལ་མཐིལ་ཕྱིན་པ་འཐོབ་པར་བརྩོན་ལེན་བྱ་རྒྱུ་དེའོ། །ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སྐབས་ཀྱི་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་མཐུན་སྒྲིལ་བྱེད་རྒྱུ་”ཞེས་པའི་འབོད་སྐུལ་རླབས་པོ་ཆེས་མི་རིགས་ཁག་གི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྐུལ་སློང་སྔར་བྱུང་མ་མྱོང་བ་ཞིག་བྱས། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ལ། “རང་རྒྱལ་གྱི་མི་རིགས་འབྲེལ་བ་ནི་གཞི་རྩའི་ཆ་ནས་མི་རིགས་ཁག་གི་ངལ་རྩོལ་མི་དམངས་བར་གྱི་འབྲེལ་བ་ཡིན་པ་”དང་། “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད། གྲངས་ཉུང་མི་རིགས་ཕན་ཚུན་བར་ཡང་ཁ་འབྲལ་ཐབས་མེད།” “མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་བྱེད་པ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ་”སོགས་ཀྱི་ཆོད་གཏམ་གལ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་ཀའི་ཁྱབ་ཁོངས་སུ་འདུ་ཤེས་གསར་པ་བསམ་བློ་གསར་པ་འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཏེ། རྒྱུད་ཁོངས་ཆ་ཚང་བའི་བསམ་བློ་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གོ་འཕང་གསར་པ་བཏོད་ལ། “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཆང་དགོས་”ཞེས་པའི་ཆོད་གཏམ་གལ་ཆེན་འདི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་སུ་གྱུར་པ་རེད།

མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་བཀོད་ཇུས། མི་རིགས་གནད་དོན་ཐག་གཅོད་ཡག་པོ་ཇི་ལྟར་བྱ་རྒྱུ་ནི་འཛམ་གླིང་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པ་དང་། དེའི་གནད་འགག་“གཅིག་”དང་“མང་”གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་ཐུབ་མིན་ལ་རག་ལས། ལོ་ངོ་སྟོང་ཕྲག་དུ་མའི་རིང་། རང་རྒྱལ་གྱི་ཀྲུང་དབྱང་སྲིད་གཞུང་རིམ་བྱུང་གིས་མི་རིགས་ལས་དོན་ལ་མཐོང་ཆེན་བྱས་པ་དང་། “བསླབ་བྱ་བྱེད་ཀྱང་སྲོལ་ཁ་མི་སྒྱུར། །དབང་སྒྱུར་བྱེད་ཀྱང་གོམས་གཤིས་མི་སྒྱུར། །” ཞེས་པ་མཐའ་འཁྱོངས་བྱས་ནས་གཅིག་གྱུར་སྲུང་སྐྱོང་བྱེད་ལ་ཁྱད་པར་ལ་མཐོང་ཆེན་ཡང་བྱེད་པའི་བཅོས་སྐྱོང་འདུ་ཤེས་ཆགས་པ་རེད། ང་ཚོའི་ཏང་གིས་བཏོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་ནི་ཀྲུང་ཧྭའི་སྲོལ་རྒྱུན་ཆབ་སྲིད་དཔལ་ཡོན་ནང་སྐྱེ་རང་བཞིན་གྱི་འཕེལ་འགྱུར་བྱུང་བའི་འབྲས་བུ་ཡིན་པ་མ་ཟད་སྲོལ་རྒྱུན་ཆབ་སྲིད་དཔལ་ཡོན་ལས་རྩ་བ་ནས་ཐོད་བརྒལ་བྱུང་བས། “གཅིག་”དང་“མང་”གི་འབྲེལ་བ་ཐག་གཅོད་ཅུང་ཡག་པོ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་ཏུ་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཞི་གཅིག་གི་བཀོད་པའི་ཁྲོད་ཀྱི་“གཞི་གཅིག་ནང་སྣེ་མང་འདུ་ལ་སྣེ་མང་གིས་གཞི་གཅིག་གྲུབ། གཞི་གཅིག་སྣེ་མང་དང་ཁ་འབྲལ་ཐབས་མེད་ལ་སྣེ་མང་ཡང་གཞི་གཅིག་དང་ཁ་འབྲལ་ཐབས་མེད། གཞི་གཅིག་ནི་གཙོ་གནད་དང་ཁ་ཕྱོགས་ཡིན་ལ་སྣེ་མང་ནི་གཙོ་རྒྱུ་དང་སྒུལ་ཤུགས་ཡིན་ཏེ། དེ་གཉིས་ཀྱི་རྩོད་སྒྲུབ་གཅིག་གྱུར་གྱི་བདག་ཉིད་ཅན་ཡིན།” “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་དགོས་”ཞེས་པས་“གཅིག་”དང་“མང་”གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པའི་གཙོ་གནད་གསལ་སྟོན་དང་། “རང་རྒྱལ་གྱི་མི་རིགས་ལས་ཀ་ཚང་མ་ལེགས་གྲུབ་བྱུང་བ་ཅན་ཤ་སྟག་ཡིན་པའི་”གསང་བ་གསལ་བཀྲོལ་བྱས་ཡོད། རྒྱལ་ཁབ་ཁ་ཤས་ཀྱིས་མི་རིགས་གནད་དོན་ཐག་གཅོད་བྱེད་པར་སྔ་རྗེས་སུ་མི་སེར་སྤེལ་བའི་རིང་ལུགས་དང་། རིགས་རྒྱུད་རིང་ལུགས། མཚུངས་སྒྱུར་རིང་ལུགས། རིག་གནས་སྣེ་མང་རིང་ལུགས་བཅས་ཀྱི་འགྲོ་ལམ་བརྒྱུད་མྱོང་བ་དང་། རིགས་རྒྱུད་ཀྱི་གནད་དོན་དང་མི་རིགས་གྲངས་ཉུང་གི་གནད་དོན་ནི་ད་བར་སྔར་བཞིན་ཧ་ཅང་ཚོར་སྣང་སྐྱེན་པའི་སྤྱི་ཚོགས་ཀྱི་གནད་དོན་དུ་གྱུར་ཅིང་། རྩོད་གླེང་དང་། ངོ་རྒོལ། ཟིང་ཆ་བཅས་ཀྱི་སྣང་ཚུལ་གཏན་ནས་ཞི་འཇགས་སུ་སོང་མེད། “ཀྲུང་གོའི་བཅོས་སྐྱོང་”དང་“ནུབ་ཕྱོགས་ཀྱི་འཁྲུག་ཟིང་”གི་དཔྱད་བསྡུར་ཁྲོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བ་མཚོན་བྱེད་ཡིན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་བཀོད་ཇུས་ལ་རྒྱལ་ཁབ་སྔར་ལས་མང་པོས་རྒྱུས་ཡོད་དང་ཁས་ལེན་བྱས་དང་བྱེད་བཞིན་ཡོད་པ་ལ། འཛམ་གླིང་གི་མི་རིགས་གནད་དོན་ཐག་གཅོད་བྱེད་ཐད་དུ་འོས་བབ་ཀྱི་བྱས་རྗེས་འཇོག་ངེས་རེད།

གཉིས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་བླང་བྱ།

ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དགོས་ངེས་བླང་བྱ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བ་གཉིས་ནི་གཞི་གཅིག་གི་ཕྱོགས་གཉིས་ཏེ་གཅིག་གྱུར་དམ་ཚགས་ཀྱི་བདག་ཉིད་ཅན་ཡིན། ལོ་བརྒྱའི་སྡུག་བསྔལ་དང་། ལོ་བརྒྱའི་ཕུགས་འདུན། ལོ་བརྒྱའི་འབད་བརྩོན་བཅས་ཀྱི་ཁྲོད་མི་རིགས་ཁག་གིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བྱུང་མ་མྱོང་བར་བསྐྱེད་དེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་གཙོ་རྒྱུན་ཆགས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསླེབས་པ་དང་། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དམིགས་འབེན་འགྲུབ་པར་ཐག་ཉེ་བ་དང་། གདེང་ཚོད་དང་ནུས་པ་སྔར་ལས་ཆེན་པོས་ཁེངས་ཡོད་ཅེས་གསལ་སྟོན་བྱས་ཡོད། ཡིན་ནའང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་ནི་རྔ་རྡུང་དར་འཕྱར་ཙམ་གྱིས་འགྲུབ་པའི་ལས་སླ་མོ་ཞིག་གཏན་ནས་མ་ཡིན་པར། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས། ད་ལྟའི་འཛམ་གླིང་ནི་ལོ་བརྒྱར་ཕྲད་དཀའི་འགྱུར་ལྡོག་ཆེན་པོའི་དུས་སུ་གནས་ཡོད་པས། འགྲན་སློང་ལ་ཁ་གཏད་འཇལ་བ་དང་ཉེན་ཁ་སེལ་བའམ་ཡང་ན་བཙན་དབང་ལ་ངོ་རྒོལ་དང་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པ་གང་ཡིན་རུང་། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་སྔར་བས་ཆེར་སྐྱེད་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་བརྟན་འཆང་། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཁྲོད་སྟོབས་ཤུགས་ཆེན་པོ་ཆིག་སྒྲིལ་ཐུབ་པ་ཁག་ཐེག་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་དཀའ་སྤྱད་མདུན་སྐྱོད་བྱེད་དགོས།

དུས་རབས་གསར་པར་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྲུང་སྐྱོང་བྱེད་པའི་ནང་གནས་ཀྱི་དགོས་མཁོ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་“མཉམ་གནས་ལྔ་”ཡི་མི་རིགས་ལས་དོན་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། སྔ་རྗེས་སུ་མི་རིགས་དང་། འཐབ་ཕྱོགས་གཅིག་གྱུར། ཞིན་ཅང་སྐོར། བོད་ཀྱི་སྐོར་ལ་སོགས་པའི་ཚོགས་འདུ་གལ་ཆེན་མང་པོ་བསྡུས་ཏེ། མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་བ་དང་། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོར་འཆང་བའི་དུས་རབས་གསར་པ་བཏོད་པ་རེད། དུས་མཚུངས་སུ་གསལ་པོར་རྟོགས་དགོས་པ་ཞིག་ནི། དུས་རབས་གསར་པའི་རང་རྒྱལ་མི་རིགས་ལས་དོན་གྱི་“མཉམ་གནས་ལྔ་”ཡི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་སྔར་བས་མངོན་དོད་ཆེ་བ་དང་། ལྷག་པར་དུ་མངའ་ཁོངས་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ཀྱིས་མི་རིགས་དང་མཐའ་མཚམས་ཀྱི་གནད་དོན་ཐོད་བརྒལ་བྱེད་གནས་སུ་འཛིན་པའི་འཐབ་ཇུས་ཀྱི་ངན་གཡོ་སྤེལ་མཚམས་གཏན་ནས་བཞག་མྱོང་མེད་པ་དང་། མི་རིགས་ཁ་ཕྲལ་གཏོང་བ་དང་། ཆོས་ལུགས་ཐལ་དྲགས། དྲག་ཤུགས་འཇིགས་སྐུལ་བཅས་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན་པ། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བར་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བཞིན་ལྗིད་རྫོབ་ཆེ་བ་བཅས་ཡིན། ང་ཚོས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་བྱེད་པ་དེ་ཁེ་ཕན་ཆེ་ཤོས་སུ་བརྩི་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཆང་བ། འདྲ་མཉམ་མཐུན་སྒྲིལ་རོགས་རེས་འཆམ་མཐུན་བཞི་པོའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་སེ་འབྲུ་བཞིན་དུ་རྡོག་པོར་འགྲིལ་བར་བྱས་ནས། རྒྱ་རིགས་ཆེན་པོའི་རིང་ལུགས་དང་གུ་དོག་པའི་མི་རིགས་རིང་ལུགས་ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་དང་། ཁ་ཕྲལ་སྟོབས་ཤུགས་དང་དྲག་ཤུགས་འཇིགས་སྐུལ་གྱི་བྱེད་སྒོ་ལ་ཁྲིམས་ལྟར་ནན་རྡུང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གཅིག་གྱུར་ཡོང་བར་དགེ་མཚན་མི་ལྡན་པའི་འགལ་རྐྱེན་མཐའ་དག་བློ་ཐག་རྦད་ཆོད་ཀྱིས་ཁྱད་གསོད་དང་གཙང་སེལ་བཅས་བྱེད་དགོས།

ཕྱོགས་ཡོངས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་བྱེད་པའི་སྒུལ་ཤུགས་ཁག་ཐེག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ཁྲོད་མི་རིགས་གཅིག་ཀྱང་ལུས་མི་རུང་ཞེས་ནན་བསྟན་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཀྲུང་དབྱང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་དོ་ཁུར་བྱས་པ་དང་། སྔར་བྱུང་མ་མྱོང་བའི་རོགས་སྐྱོར་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་ཏེ། མི་རིགས་ས་ཁུལ་མགྱོགས་པོར་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། 2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་“གོམ་སྟབས་གཉིས་སུ་ཕྱེ་ནས་འགྲོ་”བའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པར་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བར་སྔར་བྱུང་མ་མྱོང་བའི་གོ་སྐབས་འདོན་སྤྲོད་བྱས་ཡོད། མིག་སྔར་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྔར་བཞིན་ལྟོས་བཅས་ཀྱིས་རྗེས་ལུས་ཡིན། 2017ལོར་རྒྱལ་ཡོངས་ཀྱི་དབུལ་ཕོངས་མི་འབོར་དང་དབུལ་ཕོངས་གྲོང་ཚོའི་1/3ཡན་མི་རིགས་ས་ཁུལ་དུ་ཡོད་པ་དང་། མི་རིགས་ཞིང་ལྗོངས་8ཀྱི་དབུལ་ཕོངས་འབྱུང་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལྡབ་གཅིག་ལྷག་གིས་མཐོ་བ་དང་། དབུལ་ཐལ་ཆེ་བའི་“ཁུལ་གསུམ་དང་ཀྲོའུ་གསུམ་”ཚང་མའང་མི་རིགས་ས་ཁུལ་ཡིན། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ། མི་རིགས་ཁག་ཐུན་མོང་ཐོག་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མཉམ་གཅིག་ཏུ་མངོན་འགྱུར་ཡོང་བར་བྱས་ཐོག ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་ཕྱུག་པོར་འགྱུར་བ་དང་དར་རྒྱས་གོང་འཕེལ་ཡོང་བའི་ས་སྟེང་གི་བྱས་རྗེས་ངོ་མཚར་ཅན་འཇོག་དགོས།

གསུམ། མི་རིགས་ལས་དོན་སྔར་བས་གསར་གཏོད་དང་སྐུལ་འདེད་གཏོང་བའི་གཙོ་གནད་མངོན་གསལ་དོད་པོ།

ཁ་ཕྱོགས་གཅིག་བརྟན་པོར་འཆང་བ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་དང་ཡང་དག་པའི་ཁ་ཕྱོགས་བརྟན་པོར་འཆང་བར། “ཁྱིམ་ཚང་ཆེན་མོ་”ནང་ཁུལ་གྱི་མི་རིགས་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། “ཁྱིམ་ཚང་ཆེན་མོ་”སྲ་བརྟན་དང་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་བ་དང་། སྔར་བས་རང་རྟོགས་ཀྱི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ནས་ལངས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་བྱེད་ཅིང་དོན་དག་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་ཁོང་ཡངས་རང་བཞིན་སྔར་ལས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པ་ཆགས་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ་དང་འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་ལེན་གཏིང་ཟབ་ཏུ་བྱེད་པ་དང་། དེའི་ཆབ་སྲིད་ཀྱི་བློ་གྲོས་དང་། ཚགས་དམ་པོའི་གཏན་ཚིགས། འཐབ་ཇུས་ཀྱི་མཐོང་རྒྱ། སྡུག་འབྱུང་གི་འདུ་ཤེས་བཅས་ཁོང་དུ་ཆུད་པར་བྱས་ཏེ། སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན། ལས་ཀ་འཆར་འགོད་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་རྒྱུ་དེ་གཙོ་གནད་དང་ཚད་ལེན་ཚད་གཞིར་བྱས་ཐོག མི་རིགས་ལས་དོན་གྱི་ཁྱབ་ཁོངས་སོ་སོ་དང་ལྷུ་ཚིགས་སོ་སོར་ཁྱབ་པར་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་ཡོད་ཚད་དེར་དམིགས་པ་དང་། ཐོན་ཁུངས་ཡོད་ཚད་ཀྱིས་དེའི་ཐད་ཤུགས་འདོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་མི་རིགས་ལས་དོན་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་སྤེལ་གཏོང་དགོས།

གནད་འགག་གཅིག་འཛིན་པ། མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་དགོས། རླབས་ཆེན་མེས་རྒྱལ་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བསྐྱེད་དགོས་ན། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། རླབས་ཆེན་མེས་རྒྱལ་དང་མཛེས་སྡུག་གི་ཕ་ཡུལ་འཛུགས་སྐྲུན། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོང་། མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བསྐྱེད་དགོས་ན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བ་དང་། རང་གི་མིག་ལ་གཅེས་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་། རང་གི་སྲོག་ལ་གཅེས་པ་བཞིན་དུ་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས། མི་རིགས་མཐུན་སྒྲིལ་ལ་གནོད་པའི་གཏམ་སྤྱོད་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱེད་དགོས། ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བསྐྱེད་དགོས་ན། ཀྲུང་ཧྭའི་རིག་གནས་ནི་མི་རིགས་ཁག་གི་རིག་གནས་ཀྱི་ལེགས་ཚོགས་ཡིན་པ་དང་། མི་རིགས་ཁག་ཚང་མས་བྱས་རྗེས་བཞག་ཡོད་པ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་འཛིན་པ་དང་། མི་རིགས་ཁག་ཕན་ཚུན་ཡི་རང་དང་། ཕན་ཚུན་སྦྱོང་རེས། སྤེལ་རེས་དང་དཔེ་ལྟ་བཅས་བྱེད་པར་སྐུལ་སྤེལ། རྒྱའི་རིག་གནས་དང་ཀྲུང་ཧྭའི་རིག་གནས་གཉིས་འདྲ་མཚུངས་སུ་འདོད་པ་དང་། མི་རིགས་གང་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁོངས་སུ་མི་གཏོགས་པར་འདོད་པ་སོགས་ནོར་འཁྲུལ་གྱི་བསམ་བློ་མཐའ་གཅིག་ཏུ་ཁྱད་གསོད་བཅས་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བསྐྱེད་དགོས་ན། “འདུ་ཤེས་བཞི་”བརྟན་པོར་འཆང་བ་དང་། “བརྩི་བཀུར་བཞི་”བྱེད་ཐུབ་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོང་དང་། མི་རིགས་ཁག་གི་མི་དམངས་ཀྱི་སེམས་ཁ་ཏང་ལ་གཏོད་པའི་གསོན་ཉམས་ལྡན་པའི་རྣམ་པ་རྒྱུན་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ཁྱབ་ཁོངས་ཁ་ཤས་སུ་གནས་པའི་ཏང་གི་འགོ་ཁྲིད་ཉམས་ཞན་དུ་གྱུར་པ་དང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་མེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་གི་འདོན་སྤེལ་བྱེད་ཚད་མི་འདང་བ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་ཁྱད་གསོད་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བསྐྱེད་དགོས་ན། “གདེང་ཚོད་བཞི་”ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མདོར་ན། ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མི་སོ་སོའི་སེམས་གཏིང་དུ་རང་རེའི་ཀྲུང་ཧྭ་ལ་དགའ་བའི་ས་བོན་བཏབ་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་དང་། རང་རྟོན། གོང་བུར་འགྲིལ་ཤུགས་བཅས་རྒྱུན་ཆད་མེད་པར་དུ་ཆེ་རུ་གཏོང་དགོས།

རྩ་བ་གཅིག་ལ་དམིགས་གཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པར་དམིགས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། ཏང་ནི་ནམ་ཡང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། ནམ་ཡང་འགོ་ཁྲིད་སྲོག་ཤིང་བརྟན་པོར་འགྱུར་བ། ནམ་ཡང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རྐང་འཛིན་པར་འགྱུར་བ་བཅས་ཁག་ཐེག་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་སྔར་བས་འདོན་སྤེལ་ལེགས་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་ཆབ་སྲིད་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་དམིགས་གཏོད་པར། ཀྲུང་དབྱང་དང་དར་རྒྱས་ཆེ་བའི་ས་ཁུལ་དང་མི་རིགས་ས་ཁུལ་གྱི་ཧུར་བརྩོན་རང་བཞིན་སྔར་ལས་ལྷག་པར་འདོན་སྤེལ་དང་། ཁྱད་པར་ཅན་གྱི་ས་ཁོངས་སྲིད་ཇུས་གཏན་འབེབས་དང་ལག་ཏུ་བསྟར་བར་སྐུལ་སྤེལ་བྱས་ཏེ། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ཁྲོད་མི་གཅིག་ཀྱང་མི་ལུས་པ་དང་། ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་མི་གཅིག་ཀྱང་རྗེས་སུ་མི་ལུས་པ་”ཁག་ཐེག་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་དངོས་པོའི་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། མི་རིགས་ཁག་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་གཏིང་ཟབ་ཏུ་སྤེལ་བར་དམིགས་གཏོད་པར། ཁྱད་པར་ལ་བརྩི་བཀུར་དང་། སྣ་མང་མཉམ་གནས། གཞི་གཅིག་ཅན་དུ་འཕེལ་རྒྱས་བཅས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་རྣམས་མཉམ་གནས་དང་། མཉམ་སློབ། མཉམ་སྒྲུབ། མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་མི་རིགས་ཁག་ཕན་ཚུན་སྤུན་ལྟར་བྱམས་ཤིང་སོ་ལྟ་རོགས་རེས་བྱེད་ཐུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་སྤྱི་ཚོགས་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་གི་སེམས་གནས་འཛུགས་སྐྱོང་བྱེད་པར་དམིགས་གཏོད་པར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ། ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བསྐྱེད་པའི་རྨང་གཞིའི་ཐོག་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ་དང་། གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་སྐུལ་སྤེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་རིག་གནས་ཀྱི་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་དམིགས་གཏོད་པར། བཅའ་ཁྲིམས་སྤྱད་དེ་མི་རིགས་མཐུན་སྒྲིལ་འགན་སྲུང་བྱེད་རྒྱུ་རྒྱུན་འཁྱོངས་དང་། བཅའ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས། ཆབ་སྲིད་ཀྱི་རྩ་དོན་ལ་དང་དོད་དང་། སྲིད་ཇུས་དང་ཐབས་ཇུས་ལ་དང་དོད། ཁྲིམས་སྐྱོང་དང་ཚུལ་ལྡན་ལ་དང་དོད་བཅས་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཤུགས་བཏོན་ནས་ཇེ་མཐོར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་ཁྲིམས་སྐྱོང་གི་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་དགོས།

(རྩོམ་པ་པོ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲུང་གཞོན་པ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན།

བསོད་ནམས་དབང་རྒྱལ་གྱིས་བསྒྱུར།