ཏང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་དགོས།

དེབ་འདིའི་དཔྱད་གཏམ་པ།

《བདེན་འཚོལ་》དང་《དར་དམར་》དུས་དེབ་གཉིས་འགྲེམ་སྤེལ་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་དུས་དེབ་རྩོམ་སྒྲིག་ཁང་གི་ལས་བྱེད་པ་ཡོངས་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བའི་ཤིས་བརྗོད་འཕྲིན་ཡིག་བསྐུར་གནང་མཛད། དེ་ནི་ངེད་དཔེ་སྐྲུན་ཁང་གི་བློ་མཐུན་ཡོངས་ལ་གནང་བའི་བྱམས་བརྩེ་དང་སྐུལ་ལྕག་ཆེན་པོ་ཞིག་རེད།

ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད། 《བདེན་འཚོལ་》དང་《དར་དམར་》དུས་དེབ་གཉིས་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་ཀར་སྣེ་ཁྲིད་བྱེད་པའི་བསམ་བློ་གལ་ཆེན་གྱི་གཞུང་ལུགས་འཐབ་ར་ཞིག་ཡིན་པའི་ཆ་ནས། ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དེ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཀྱག་ཀྱོག་གི་འཚོལ་སྙེག་ཁྲོད་བྱུང་བ་དང་། དེ་ཡིས་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་དཀའ་ཚེགས་ཆེན་པོའི་འཚོལ་ཞིབ་བྱས་པ་དང་། ཅུང་སྒེར་ཚུགས་ལྡན་ཞིང་ཆ་ཚང་བའི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་མ་ལག་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཨེ་ཤ་ཡ་ཤར་མའི་ནད་རོ་ཅན་ལས་མཆོང་བསྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་བ་བདེན་དཔང་བྱས་ཡོད། དེ་ཡིས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པའི་ཁྲོད་དཀའ་སྡུག་ཁྱད་གསོད་དང་འགྲན་སློང་ལ་གདོང་གཏུག ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་ལག་ལེན་གསར་པ་བྱས་པར་བརྟེན། ཀྲུང་གོ་གོམ་སྟབས་ཆེན་པོའི་དུས་རབས་ཀྱི་རྗེས་ཟིན་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་གྱུར་པའི་མཆོང་བསྐྱོད་རླབས་པོ་ཆེ་བྱུང་བར་དཔང་པོ་བྱས་ཡོད། དེ་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སྔར་ལས་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ཡོད་ཅིང་། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འཐབ་རྩོད་རླབས་པོ་ཆེ་བྱེད་པ་དང་། ལས་གྲྭ་རླབས་པོ་ཆེ་འཛུགས་སྐྲུན་བྱེད་པ། བྱ་གཞག་རླབས་པོ་ཆེ་སྐུལ་འདེད་གཏོང་བ། ཕུགས་བསམ་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་དང་། ཞི་ཅིན་ཕིང་གིས་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བྱས་པ་བརྟེན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་ལོ་རྒྱུས་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ་དང་། གཏིང་ཟབ་ལ་རྩ་བའི་རང་བཞིན་ལྡན་པའི་ལོ་རྒྱུས་འཕོ་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་འདི་ཉིད་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་གྱུར་པའི་མཆོང་བསྐྱོད་རླབས་པོ་ཆེ་བྱུང་བ་ལའང་དཔང་པོ་བྱས་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་སྐབས་གསར་པ་སླེབས་ཡོད་པ་དང་། ཏང་གི་དུས་དེབ་ལའང་དོན་བྱ་གསར་པ་དང་ལེ་ཚན་གསར་པ་འབྲི་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་དུ་རེ་བ་ནན་པོ་བཏོན་གནང་མཛད་ཡོད། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་འཇགས་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་དུས་དེབ་ཀྱི་མིང་ལ་ཏང་དང་ཆབ་སྲིད་པ་རུ་འབོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ། བློ་བརྟན་འགྱུར་མེད་ཀྱིས་འདུ་ཤེས་བཞི་ཤུགས་སྣོན་རྒྱག་པ་དང་། གདེང་ཚོད་བཞི་བརྟན་པོར་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། སྒྱུར་བཅོས་གསར་གཏོད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྲ་བརྟན་གཉིས་ཀྱི་འགན་འཁྲི་དང་འོས་འགན་སྒྲུབ་པ་བཅས་བྱེད་དགོས།

ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་འཇུག་འཁྱོངས་པར་ངེས། ཏང་གི་དུས་དེབ་ལས་བཟོ་པ་རྣམས་ཀྱི་ཐོག་མའི་བསམ་འདུན་དང་འོས་འགན་ནི། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རེད། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཏང་སྟོབས་ལྡན་གཏོང་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཀྲུང་གོའི་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ཀྱི་གཞི་རྩ་དང་བླ་སྲོག་སྲ་བརྟན་དུ་གཏོང་རྒྱུ་དེ་རེད། ཀྲུང་གོ་གུང་ཁྲན་ཏང་མིའི་བླ་མེད་ཀྱི་འགན་འཁྲི་བརྟན་སྲུང་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དང་མང་ཚོགས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་ནས་འདུ་ཤེས་བཞི་སྟོབས་ཆེར་གཏོང་བ་དང་། གདེང་ཚོད་བཞི་བརྟན་པོར་སྲུང་བ། སྲ་བརྟན་གཉིས་ཇེ་བརྟན་གཏོང་རྒྱུ་དེ་རེད། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི། ཏང་གི་དུས་དེབ་ལས་བཟོ་པ་རབས་ནས་རབས་བརྒྱུད་དེ་མདུན་སྐྱོད་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་སྐབས་གསར་པར་སླེབས་ཡོད། དེ་ནི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་མཁོ་བ་མ་ཟད་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་ཐུབ་པའི་དུས་རབས་ཤིག་ཡིན་ལ། དེ་ནི་བསམ་བློ་མཁོ་བ་མ་ཟད་གཏིང་ཟབ་པའི་བསམ་བློ་གསར་གཏོད་བྱེད་ཐུབ་པའི་དུས་རབས་ཤིག་ཡིན། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་ཡིད་ལ་འཇགས་པ། དུས་ནམ་ཡང་འབད་བརྩོན་ལྷོད་མེད་བྱེད་དགོས་ཤིང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། རྒྱུན་ཆད་མེད་པར་རིགས་པའི་གཞུང་ལུགས་ཀྱི་དྲིལ་སྒྲོག་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཏང་གི་དུས་དེབ་བྱ་གཞག་གི་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་གཏོད་དགོས།

ཐོག་མཐའ་བར་གསུམ་དུ་ཏང་གི་དུས་དེབ་ཀྱི་རུས་མིང་ལ་ཏང་ཟེར་བ་དང་། ཆབ་སྲིད་པས་དུས་དེབ་སྒྲིག་པ་རྒྱུན་འཁྱོངས་བྱ་རྒྱུ་ནི། ཏང་གི་དུས་དེབ་བྱ་གཞག་ལ་ལུས་སེམས་ཆགས་རྟེན་དང་། འགན་འཁུར་ཕོད་པ་བཅས་ཡོད་པ་བྱ་རྒྱུའི་རྩ་བའི་ཐབས་ལམ་ཡིན། ཏང་གི་དུས་དེབ་གཅིག་གི་ལོ་རྒྱུས་ནི། ཏང་ཡོད་པས་ཏང་གི་དུས་དེབ་བྱུང་བ་དང་། ཏང་ལ་བརྟེན་ནས་འཕེལ་བ། ཏང་དང་མི་དམངས་ལ་བློ་སེམས་གཅིག་མཐུན་དང་། སྐྱིད་སྡུག་ཉམས་མྱོང་བྱས་པའི་ལོ་རྒྱུས་ཡིན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་བྲལ་བ་དང་། ཏང་གི་ཡང་དག་པའི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་དང་རིང་དུ་གྱེས་ན། ཏང་གི་དུས་དེབ་བྱ་གཞག་གི་འཕེལ་རྒྱས་ལ་བར་ཆད་ཡོང་ངེས། དེ་བས་ཐོག་མཐའ་བར་གསུམ་ཏང་གི་དུས་དེབ་ཀྱི་རུས་མིང་ལ་ཏང་ཟེར་བ་དང་། ཏང་གི་དར་ཆ་ཉིད་རང་གི་དར་ཆ་རུ་འཛིན་པ་དང་། ཏང་གི་འདོད་བློ་ཉིད་རང་གི་འདོད་བློ་རུ་བཟུང་བ། ཏང་གི་འགན་འཁྲི་ཉིད་རང་གི་འགན་འཁྲི་རུ་བཟུང་ནས། ཏང་ལ་དགའ་ཞེན་དང་ཏང་གི་ཆེད་དུ་སྨྲ་བ་བརྗོད་པ། ཏང་ལ་སེམས་འཁུར་བྱེད་པ། ཏང་གི་ཆེད་དུ་ལས་ཀ་སྒྲུབ་པ་བཅས་བྱས་ན། ད་གཟོད་ཏང་གི་དུས་དེབ་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་ཐུབ། ཏང་གི་དུས་དེབ་ཀྱི་རུས་མིང་ལ་ཏང་ཟེར་བ་རྒྱུན་འཁྱོངས་བྱ་དགོས་ན། ཆབ་སྲིད་པས་དུས་དེབ་རྩོམ་སྒྲིག་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཆབ་སྲིད་པས་དུས་དེབ་འདོན་གཉེར་བྱེད་པར། ཐོག་མར་ཁྱོན་ཡོངས་ཀྱི་འདུ་ཤེས་ཡོད་དགོས་ཤིང་། རང་རྟོགས་ཀྱིས་ཁྱོན་ཡོངས་ཀྱི་ཁོར་ཡུག་འོག་བསམ་བློ་གཏོང་བ་དང་། དེའི་འོག་ཏུ་བྱེད་སྒོ་སྤེལ་བ། ལྟེ་གནས་གཞི་འཛིན་པ་དང་སྤྱི་ཁོག་ལ་ཞབས་འདེགས་ཞུ་བའི་ཁྲོད་གནས་ཚད་རྙེད་པ་དང་གནས་ཐིག་ཡང་དག་པར་རྙེད་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་བསྟུན་པ་དང་ཞབས་འདེགས་སྒྲུབ་ཐུབ་པ་བྱས་ནས་གྲལ་གནས་མི་ནོར་བ་བྱ་རྒྱུ་དང་། ཏང་དང་མི་དམངས་ལ་མཁོ་བའི་སྐབས་སུ་ལས་གནས་མི་སྟོང་བ་བྱེད་དགོས། ཆབ་སྲིད་པས་དུས་དེབ་འདོན་གཉེར་བྱེད་པར། ད་དུང་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོའི་རང་བཞིན་དང་ཆབ་སྲིད་ཀྱི་ཤན་འབྱེད་ནུས་ཤུགས་སྟོབས་དང་ལྡན་པ་ཞིག་དགོས། ལས་གནས་ཀྱི་ཆེད་མཁས་བྱེད་དགོས་པ་མ་ཟད། ཆབ་སྲིད་པའི་ཀླད་པ་ཡོད་པ་དང་། ཆབ་སྲིད་ཀྱི་མིག་རྒྱ་དང་ཆབ་སྲིད་ཀྱི་བློ་གྲོས་ཡོད་པ། ཆབ་སྲིད་དང་ཁྱོན་ཡོངས་ཀྱི་ཐོག་ནས་གནད་དོན་ལ་ལྟ་མཁས་པ་དང་། ཆབ་སྲིད་ཀྱི་ཁྲིད་ཕྱོགས་དང་ཆབ་སྲིད་ཀྱི་བླང་བྱ་ལས་ཀའི་ཁྲོད་དུ་ཐིམ་པ་བྱེད་དགོས།

འདུ་ཤེས་བཞི་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་པོ་འཛུགས་རྒྱུ་ནི་ཏང་གི་དུས་དེབ་ཀྱི་ཆབ་སྲིད་འཛུགས་སྐྱོང་བྱེད་པའི་རྩ་བའི་བླང་བྱ་ཡིན། བདེན་འཚོལ་དུས་དེབ་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་དོན་ལ་མཛུབ་སྟོན་བྱེད་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་གཡུལ་ས་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་དུས་དེབ་ཀྱི་བྱ་གཞག་ནི་ཆབ་སྲིད་ཀྱི་རང་བཞིན་ཧ་ཅང་ཆེ་བའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ལས་ཀ་ཞིག་ཡིན། དེ་བས། དུས་དེབ་ལས་དོན་སྒྲུབ་སྐབས་ངེས་པར་དུ་ཆབ་སྲིད་ལེགས་སྤེལ་བྱ་རྒྱུ་ཨང་དང་པོ་འཇོག་དགོས་པ་དང་། ངེས་པར་དུ་དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གླེང་དགོས། ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་ཐད། འདུ་ཤེས་བཞི་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཐད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་གཏོང་བ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་དང་གཞི་རྩའི་ཐབས་ཇུས་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག་དང་ལག་བསྟར་གཏིང་ཟབ་གཏོང་བ་བཅས་བྱེད་པ་དང་། རང་ཉིད་ཀྱི་རིག་པ་གསལ་ཞིང་བློ་རྩ་བརྟན་པོས་ཏང་ཡོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གང་དེ་འཐབ་ཇུས་གལ་ཆེན་འཆར་འགོད་དང་། སྲིད་ཇུས་གལ་ཆེན་གཏན་འབེབས། ལས་འགན་གལ་ཆེན་བཀོད་སྒྲིག ལས་དོན་གལ་ཆེན་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ཁྲོད་དུ་འགྲོ་བ་བཅས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་རྩ་དོན་ཐད། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག་ཏན་ཏིག་བྱ་དགོས་པར་མ་ཟད་མིག་དཔེ་སྟོན་པའི་སྒོ་ནས་བརྩི་སྲུང་བྱེད་པ། ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ། ཆབ་སྲིད་ཀྱི་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། སྒྲིག་འཛུགས་ཀྱི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་བཅས་རང་ངོས་ནས་ལག་ལེན་བསྟར་བ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་སྤྱོད་པ་གཙང་བ། འགན་འཁྲི་ཡོད་པ། ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱ་རུང་བའི་ཏང་གི་དུས་དེབ་ལས་བཟོ་པ་ཞིག་བྱེད་དགོས། ཆབ་སྲིད་ཀྱི་ལམ་བུའི་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་དུ་འཁེལ་བའི་འབད་འཐབ་དམིགས་འབེན་དེ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་འཇགས་པ། ནམ་ཡང་འབད་འཐབ་བྱ་བ་མངོན་འགྱུར་ཡོང་བ་བྱེད་དགོས།

ཐོག་མཐའ་བར་གསུམ་དུ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། སྒྱུར་བཅོས་གསར་གཏོད་བྱེད་པ་བཅས་རྒྱུན་འཁྱོངས་བྱ་རྒྱུ་ནི། ཏང་གི་དུས་དེབ་ཀྱི་རིགས་པའི་གཞུང་ལུགས་ཀྱི་དྲིལ་སྒྲོག་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བའི་རྩ་བའི་ཐབས་ལམ་ཡིན། དུས་རབས་གསར་པའི་ཏང་གི་དུས་དེབ་ལས་དོན་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་གཏོད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་མདུན་དུ་འཕྲད་པའི་འགྲན་སློང་རང་བཞིན་གྱི་ལས་འགན་ཞིག་ནི། རིགས་པའི་གཞུང་ལུགས་ཀྱི་དྲིལ་སྒྲོག་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དང་། བདེན་འཚོལ་དུས་དེབ་ནི་ཏང་ཀྲུང་དབྱང་ལས་ཁུངས་དུས་དེབ་དང་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་ཀར་མཛུབ་སྟོན་བྱེད་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་གལ་ཆེན་གྱི་འཐབ་ར་ཡིན་པའི་ཆ་ནས་ཧུར་ཐག་སྒོས་འདོན་གཉེར་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་སྒྲོག་ཤུགས་ཆེར་བྱེད་པའི་མདུན་གྲལ་དུ་གནས་རྒྱུ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་བྱེད་སྟངས་ཀྱི་ཆུ་ཚད་མཐོར་འདེགས་ཤུགས་ཆེར་གཏོང་བའི་མདུན་གྲལ་དུ་གནས་རྒྱུ་དེ་རེད། དུས་རབས་གསར་པ་དང་ལས་འགན་གསར་པས་ང་ཚོར་བཏོན་པའི་བླང་བྱ་དང་བསྡུར་ན། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་རྒྱས་བཤད་གཏིང་ཟབ་མོ་དང་མཐིལ་ཕྱིན་མེད་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་པ་དང་། གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱས་པ་མི་འདང་བ། སྒྱུར་བཅོས་གསར་གཏོད་ལས་ཀའི་ནང་གི་སྒུལ་ཤུགས་ཞན་པ། བསམ་བློ་བརྒྱུད་སྤེལ་གྱི་གསར་བརྗེའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་གི་རྣམ་པའི་ཁྱད་ཆོས་ལ་འགྱུར་ལྡོག་གཏོང་རྒྱུ། འཕེལ་རྒྱས་དང་མཉམ་འདྲེས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་ཁ་ཚ་དགོས་གཏུགས་ཡིན་པའི་གནད་དོན་གནས་ཡོད་པས་ན། དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་སྙེག་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། སྒྱུར་བཅོས་གསར་གཏོད། ཕན་འབྲས་འདོན་ཐབས་བྱ་དགོས་ཤིང་། འདུ་ཤེས་དང་། ནང་དོན། རྩོམ་སྟངས། རྣམ་པ། བྱེད་ཐབས། ནུས་རྩལ། ལས་རྣམ། སྒྲིག་སྲོལ། རྐྱེན་སྲོལ་བཅས་གསར་གཏོད་བྱེད་དགོས། དེས་ན་འདི་ལ་མར་ཁེ་སི་རིང་ལུགས་ཀྱི་ཁྱིམ་སྲུང་གི་འཇོན་ནུས་མཁོ་སྟེ། བསམ་བློའི་ཚོར་སྐྱེན་རང་བཞིན་དང་སྒོ་འབྱེད་ཚད་རྒྱུན་འཁྱོངས་བྱེད་པ། ཤེས་བྱའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཁྱབ་རྒྱ་ཆེ་རུ་གཏོང་བ། དེང་རབས་ཀྱི་དྲིལ་སྒྲོག་བྱ་ཐབས་སྤྱོད་མཁས་བྱེད་པ་དང་། ནུས་རྩལ་གང་མང་སྤྱོད་མཁས་པ། རྐང་ཤུགས་དང་། མཐོང་ཤུགས། ཀླད་ཤུགས། འབྲི་ཤུགས་བཅས་སྦྱོང་བ་གང་ལེགས་བྱས་ཏེ། སྨྱན་སྦྱོར་ཅན་དང་། ཆེད་ལས་ཅན། བསམ་བློ་ཅན་གྱི་དམར་ཞིང་མཁས་པའི་ཏང་གི་དུས་དེབ་ལས་བཟོ་པ་ཞིག་བྱེད་དགོས།

ཐོག་མཐའ་བར་གསུམ་དུ་“སྲ་བརྟན་གཉིས་”རྒྱུན་འཁྱོངས་བྱ་རྒྱུ་ནི། ཏང་གི་དུས་དེབ་ཀྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བླ་མེད་ཀྱི་འགན་འཁྲི་དང་ལས་འགན་ཏན་ཏིག་དོན་འཁྱོལ་བྱེད་པའི་འགོ་འཛུགས་ས་དང་རྐང་ཚུགས་ས་ཡིན། བདེན་འཚོལ་དུས་དེབ་ཀྱི་ཕྲག་སྟེང་དུ་ཏང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་རྒྱུ་དང་། འདུ་ཤེས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་རྒྱུ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ཀྱི་བླ་མེད་ཀྱི་འགན་འཁྲི་དང་ལས་འགན་གནས་ཡོད། ཏང་གི་དུས་དེབ་གཞི་རྩ་དང་། བསམ་བློ་ལྟེ་བ་བྱེད་པ་ནི་ང་ཚོས་ཏང་གི་དུས་དེབ་བྱ་གཞག་གོང་དུ་སྤེལ་བའི་ཆོས་ཉིད་ཕྱོགས་སྡོམ་བྱས་པ་ལས་བྱུང་བའི་ཉམས་མྱོང་གལ་ཆེན་ཞིག་ཡིན། ཏང་གི་དུས་དེབ་གཞི་རྩ་བྱེད་པ་ཞེས་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་དུས་དེབ་ལ་སྤྲད་པའི་འགན་འཁྲི་དང་ལས་འགན་དངོས་འབྲེལ་ལག་ལེན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་བྱ་གཞག་ལ་སྔར་བས་ལྷག་པའི་སྒོ་ནས་ཞབས་འདེགས་གང་ལེགས་སྒྲུབ་པ། འགན་འཁྲི་ཁུར་ཕོད་པ་དང་། རང་ནུས་འབུལ་སྤྲོ་བ། ནམ་ཡང་འབད་འཐབ་བྱེད་པ་བཅས་བློ་དཀར་སྤྱོད་གཙང་གི་འགན་འཁུར་ཕོད་པ་བྱ་རྒྱུ་དེ་ཡིན། བསམ་བློ་ལྟེ་བ་བྱེད་པ་ཞེས་པ་ནི། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་སྨྲ་ལྕེ་རུ་འགྱུར་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་འཐབ་ར་བརྟན་པོ་བྱེད་དགོས་ལ། ཐོག་མཐའ་བར་གསུམ་དུ་ཏང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་བཅས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལས་ཀར་སྐུལ་འདེད་གཏོང་བ། ལག་ལེན་ལ་མཛུབ་སྟོན་གང་ནུས་བྱེད་པ་བཅས་བྱས་ནས། ཏང་གི་བཞེད་དགོངས་དེ་དུས་རབས་ཀྱི་ཆེས་སྟོབས་ཆེ་བའི་སྐད་སྒྲ་རུ་འགྱུར་བ་བྱ་རྒྱུ་དེ་ཡིན།

ཏང་གི་དུས་དེབ་བྱ་གཞག་གི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད། སྔར་བྱུང་གི་འོད་སྟོང་འབར་བའི་ལས་དོན་ལོ་རྒྱུས་སུ་གྱུར་པ་དང་། འབྱུང་འགྱུར་གྱི་འོད་སྟོང་འབར་བའི་ལས་དོན་གྱིས་ང་ཚོ་ལ་འབད་འཐབ་དང་གསར་གཏོད་བྱ་དགོས་པའི་འབོད་སྐུལ་སྒྲོག་བཞིན་མཆིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཡང་དག་པའི་མཛུབ་སྟོན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྟོབས་ལྡན་འགོ་ཁྲིད་བྱེད་པ་ནི། ང་ཚོས་དུས་གཏན་དུ་འབད་འཐབ་བྱེད་པར་སྐུལ་བའི་སྟོབས་དང་ལྡན་པའི་སྒུལ་ཤུགས་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་ཡིད་ལ་དམ་པོར་འཇགས་པ་བཅས་ཀྱིས། ནུས་ཤུགས་ཡོད་རྒུས་དུས་རབས་གསར་པའི་ཏང་གི་དུས་དེབ་བྱ་གཞག་གོང་སྤེལ་གཏོང་བའི་མཛེས་སྡུག་གི་མ་འོངས་མདུན་ལྗོངས་གཏོད་དགོས།

སངས་རྒྱས་སྐྱིད་ཀྱིས་བསྒྱུར།