ཆིང་ཏའོ་དབུ་ཚོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཐབ་ལམ་གསར་པའི་འགོ་ཚུགས།

ཝང་དབྱི།

ཟླ་6པའི་ཚེས་9ནས་10བར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་སྤེལ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་། ཆིང་ཏའོ་དབུ་ཚོགས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ད་ལོའི་རྒྱལ་ཡོངས་“ཚོགས་ཆེན་གཉིས་”འཚོགས་རྗེས་རང་རྒྱལ་དུ་སྤེལ་བའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་དགོངས་པ་གསོན་ཉམས་ལྡན་པའི་ངང་འགྲེལ་བརྗོད་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན། དེ་སྔའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་གཙོའི་ཚོགས་འདུ་དང་བསྡུར་ན། ཆིང་ཏའོ་དབུ་ཚོགས་ཀྱིས་གཞི་ཁྱོན་དང་། རིམ་པ་དང་། གྲུབ་འབྲས་ལ་སོགས་པའི་ཐད་ནས་ཟིན་ཐོ་གསར་པ་བཀོད་ཡོད། ཐེངས་འདིའི་གྲོས་ཚོགས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཇེ་མང་དུ་བཏང་རྗེས་སྤེལ་བའི་ཚོགས་འདུ་ཐོག་མ་ཡིན་ལ། ད་ལྟ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཁོངས་མིའི་རྒྱལ་ཁབ་8དང་། ལྟ་ཞིབ་པའི་ཁོངས་མིའི་རྒྱལ་ཁབ་4། གླེང་མོལ་རོགས་ཟླའི་རྒྱལ་ཁབ་6བཅས་འདུས་ནས་ད་ལྟའི་འཛམ་གླིང་གི་མངའ་ཁོངས་རྒྱ་ཆེ་ཤོས་དང་། མི་འབོར་མང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་རྩ་འཛུགས་སུ་ཆགས། ཐེངས་འདིའི་ལོ་རྒྱུས་རང་བཞིན་ལྡན་པའི་ཆིང་ཏའོ་དབུ་ཚོགས་ཀྱི་སྟེང་དུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་། ལྟ་ཞིབ་པའི་རྒྱལ་ཁབ་12ཀྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་སམ་ལས་ཁུངས་ཀྱི་འགན་འཁུར་པ་10ལྷན་དུ་འཛོམས་པར་མ་ཟད། མཐུན་སྒྲིལ་ཞི་མཐུན་རྣམ་པ་དང་། ཚོགས་འདུར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེས། ཚང་མ་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ལ་འཕོ་འགྱུར་ཟབ་མོ་འབྱུང་བའི་རྒྱབ་ལྗོངས་འོག་ཐུན་མོང་ཐོག་བདེ་འཇགས་བསྐྲུན་པ་དང་། འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱེད་པ། ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུའི་རེ་འདོད་ཆེན་པོ་གསལ་བར་མངོན་ཞིང་། རྒྱལ་སྤྱིའི་གླེང་ཕྱོགས་ཐད་ནས་ཀྱང་གདེང་འཇོག་ཡག་པོ་རྒྱུན་ཆད་མེད་པར་ཐོབ་པ་དང་། ཡོངས་ཁྱབ་ཏུ་ཆིང་ཏའོ་དབུ་ཚོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། རང་རྒྱལ་གྱི་འགོ་ཁྲིད་པས་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་གནས་ཚུལ་ཇུས་འགོད་བྱེད་པའི་ཁྱད་དུ་འཕགས་པའི་ནུས་པ་ལའང་བསྔགས་བརྗོད་ཚད་མེད་ཐོབ།

གཅིག བགྲང་བྱ་17གྱི་འཕེལ་རྒྱས་ལས་ད་ལྟའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གཟི་མདངས་བསྐྲུན།

བགྲང་བྱ་17གྱི་རིང་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་མཐུན་སྒྲིལ་མཉམ་ལས་དང་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་ཏེ། ཉིན་རེ་བཞིན་རྒྱལ་སྤྱིའི་འབྲེལ་བ་དང་ས་ཁོངས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་འགྱུར་བཞིན་མཆིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབུ་བརྙེས་མ་ཐག ཁོངས་མིའི་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་“མི་རབས་ནས་མི་རབས་བར་མཛའ་མཐུན་ལས་དགྲར་མི་འཛིན་པ་”དང་། རོགས་པ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པ། གླེང་མོལ་སྤེལ་རེས་ལས་ཁ་གཏད་དུ་མི་ལངས་པའི་འབྲེལ་བའི་ཚད་གཞི་གལ་ཆེན་གཏན་ལ་ཕབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་རྒྱུན་འཁྱོངས་བྱ་རྒྱུ་ནན་བཤད་གནང་ཞིང་། རྒྱལ་ཁབ་ལ་ཆེ་ཆུང་དང་སྟོབས་ཤུགས་ཀྱི་དྲག་ཞན་ལ་མི་ལྟ་བར་གྲོས་མོལ་གཅིག་མཐུན་ཡོང་བའི་རྩ་དོན་ལ་བརྩི་སྲུང་བྱས་ནས། མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་དགོས། ཉེ་བའི་ལོ་ཤས་རིང་། རྒྱལ་སྤྱིའི་ཐོག་ཕྱོགས་རྐྱང་པའི་རིང་ལུགས་དང་། ཉོ་ཚོང་སྲུང་སྐྱོང་རིང་ལུགས། འཇམ་འཐབ་བསམ་གཞིག་གི་སྙིགས་རོ་འཕྱོ་བ་དང་དུས་མཚུངས་སུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་རིག་གནས་ཀྱི་ཁྱད་པར་དང་། ལམ་ལུགས་ཀྱི་རྣམ་པ། འཕེལ་རྒྱས་ཀྱི་བགྲོད་ལམ་སོགས་ཕྱོགས་མང་པོའི་ཐད་ནས་ཁྱད་པར་ལ་གཞིགས་ཏེ། ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་མཉམ་ཁེའི་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་བཙུགས་ཡོད།

བགྲང་བྱ་17གྱི་རིང་ལ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ནང་དོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཏེ། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་དབར་ཕན་ཚུན་སྐུལ་འདེད་བྱེད་བཞིན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་བདེ་འཇགས་མཉམ་ལས་ནས་འགོ་བརྩམས་ཤིང་། འཛམ་གླིང་ཐོག་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པ་བཅས་ཚུད་པའི་“སྟོབས་ཤུགས་ཁག་གསུམ་”ལ་ཞབས་འདེགས་ཞུ་རྒྱུ་རང་འགན་དུ་འཛིན་པའི་སྲིད་གཞུང་དབར་གྱི་མཉམ་ལས་རྩ་འཛུགས་ཀྱི་ཐོག་མ་ཡིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལག་ལེན་དངོས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གནད་ཆེའི་མཉམ་ལས་ཁྱབ་ཁོངས་རིམ་གྱིས་རྒྱ་བསྐྱེད་དེ། ད་སྐབས་བདེ་འཇགས་དང་། དཔལ་འབྱོར་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་། ཕྱི་ཕྱོགས་དང་འགྲོ་འོང་བྱེད་པའི་“འཁོར་བཞིའི་སྐུལ་འདེད་”ཀྱི་རྣམ་པ་གསར་པ་བཏོད་ཡོད། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་ནི་ལྟེ་བའི་འདུ་ཤེས་དང་། གནད་ཆེའི་ཁྱབ་ཁོངས་དང་། མཉམ་ལས་ཀྱི་ནང་དོན་སོགས་ཀྱི་ཐད་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཚད་མཐོའི་གཅིག་མཐུན་ཆགས་པ་དང་། ཕྱོགས་གཉིས་ཕན་ཚུན་གོ་སྐབས་སུ་གྱུར་ཞིང་། སྔར་ལས་མཉམ་འདྲེས་འཕེལ་རྒྱས་དང་ཕན་ཚུན་སྤེལ་ཟླ་བྱེད་རེས་ཐུབ་པར་འགྱུར་བཞིན་ཡོད།

བགྲང་བྱ་17གྱི་རིང་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཁོངས་མིའི་རྒྱལ་ཁབ་དབར་མཐུན་སྒྲིལ་དང་ཕན་ཚུན་ཡིད་རྟོན། ཡར་རྒྱས་བརྩོན་ལེན། ཕྱི་ཕྱོགས་ལ་རྩ་འཛུགས་ཀྱི་གསོན་ཤུགས་དང་སྐྱེ་སྟོབས་མངོན་ཡོད། ཁོངས་མིའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་མཐུན་སྦྱོར་བྱེད་པར་མཐོང་ཆེན་བྱེད་པ་དང་། དུས་ཐོག་ཏུ་གཅིག་མཐུན་གྱི་གཏམ་བརྗོད་སྤེལ་ཏེ། ཆབ་སྲིད་ལ་བརྟེན་ནས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་གཏོང་རྒྱུར་སྐུལ་འདེད་བྱས་ནས་རྩ་འཛུགས་རང་ཉིད་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་སྐད་ཆ་བཤད་དབང་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་བཏང་། ཁོངས་མིའི་རྒྱལ་ཁབ་ཀྱིས་སྒོ་འབྱེད་གུ་ཡངས། མཉམ་ལས་མཉམ་རྒྱལ་ཡོང་བར་རྒྱུན་འཁྱོངས་བྱས་ནས། ཧུར་བརྩོན་གྱིས་ལྟ་ཞིབ་པའི་རྒྱལ་ཁབ་དང་གླེང་མོལ་སྤེལ་རེས་ཀྱི་རོགས་ཟླ་དང་མཉམ་ལས་སྤེལ་བ། རྒྱུན་ཆད་མེད་པར་མཉམ་འབྲེལ་རྒྱལ་ཚོགས་དང་། རང་བཙན་མཉམ་འབྲེལ་རྒྱལ་ཚོགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ཕན་ཚུན་དབར་སྤེལ་རེས་ཟབ་མོ་བྱས་ཕྱིར། རྩ་འཛུགས་ཀྱི་གྲོགས་པོའི་ཚོགས་པ་དང་སྐད་གྲགས་ཆེར་བསྐྱེད། ད་ལྟ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ལང་ཚོ་དར་ལ་བབ་པའི་ན་གཞོན་ཞིག་དང་འདྲ་བར། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བ་དང་། གོམ་སྟབས་བརྟན་ཞིང་བརླིང་བས་མདུན་ལམ་ནི་རེ་སྒུག་བྱེད་རིན་ཡོད་པར་གྱུར།

གཉིས།“ཧྲང་ཧའེ་ཡི་སྙིང་སྟོབས་”ཕུན་སུམ་ཇེ་ཚོགས་དང་དར་སྤེལ་གཏོང་བ།

“ཧྲང་ཧའེ་ཡི་སྙིང་སྟོབས་”ནི་ཡིག་འབྲུ་20སྟེ། ཕན་ཚུན་ཡིད་རྟོན་དང་། གཉིས་ཕན། འདྲ་མཉམ། མཉམ་གྲོས། ཤེས་རིག་སྣ་མང་ལ་བརྩི་འཇོག་བྱེད་པ་དང་། ཐུན་མོང་ཐོག་གོང་འཕེལ་བརྩོན་ལེན་བྱེད་པ་བཅས་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ལ་ཚགས་དམ་པོར་གཞིགས་ནས། དབུ་ཚོགས་ཐོག་ཁ་བྱང་ལ་《“ཧྲང་ཧའེ་ཡི་སྙིང་སྟོབས་”དར་སྤེལ་བཏང་སྟེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ》ཞེས་པའི་གསུང་བཤད་གལ་ཆེན་གནང་བ་དང་། ཁོངས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་དང་ལྷན་དུ་“ཧྲང་ཧའེ་ཡི་སྙིང་སྟོབས་”བསྐྱར་དུ་དྲན་གསོ་བྱས་པར་མ་ཟད། བགྲང་བྱ་17གྱི་རིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་ཉམས་མྱོང་ཡང་སྤྱི་སྡོམ་གནད་དུ་འཁེལ་བ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་གསོན་ཤུགས་ཆེན་པོ་དང་མཉམ་ལས་སྒུལ་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་ཐུབ་པའི་རྩ་བའི་རྒྱུ་རྐྱེན་ནི། གསར་གཏོད་ལྡན་པའི་སྒོ་ནས་“ཧྲང་ཧའེ་ཡི་སྙིང་སྟོབས་”ཞེས་པའི་དགོངས་པ་བཏོན་པ་དང་དེ་ཉིད་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་པར་རག་ལས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་སོ་སོས་མུ་མཐུད་དུ་“ཧྲང་ཧའེ་ཡི་སྙིང་སྟོབས་”ཁྲིད་སྟོན་དུ་བཟུང་སྟེ། རྡོག་རྩ་གཅིག་སྒྲིལ་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། རྒྱལ་སྤྱིའི་འབྲེལ་བ་དཔེ་གསར་ཅན་འཛུགས་པར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་ཞི་བདེ་ཡུན་བརྟན་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་ཐོག་དར་རྒྱས་འགྲོ་བ། སྒོ་འབྱེད་བསྟུན་མཁས། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་བསྐྲུན་པའི་ཕྱོགས་སུ་བསྐྱོད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་སྐུལ་འདེད་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་8ཀྱིས་《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཆིང་ཏའོ་བསྒྲགས་གཏམ་》ཞེས་པའི་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཐུན་མོང་གི་འདུ་ཤེས་འདི་འཛུགས་རྒྱུར་གཏན་འཁེལ་བྱས། འདི་ནི་ཐེངས་འདིའི་དབུ་ཚོགས་ཀྱི་ཆེས་གལ་ཆེ་བའི་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་གོང་དུ་སྤེལ་རྒྱུར་རྫོགས་མཐའ་མེད་པའི་སྒུལ་ཤུགས་བཏོན་པར་མ་ཟད། ས་ཁུལ་འདི་དང་ཡང་ན་འཛམ་གླིང་ཧྲིལ་པོ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་ཐེབས་ངེས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་སྟེང་གདོང་གཏོད་དགོས་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་ཡང་དག་བྱས་ཏེ། ཇི་ལྟར་“ཧྲང་ཧའེ་ཡི་སྙིང་སྟོབས་”སྔར་བས་གོམ་གང་མདུན་སྤོས་ཀྱིས་དར་སྤེལ་གཏོང་བར་དམིགས་ནས། གསར་གཏོད་རང་བཞིན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྱུང་འགྱུར་མ་འོངས་པའི་འཕེལ་རྒྱས་ཀྱི་དགོངས་པ་ཆེན་པོ་ལྔ་སྟེ། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ལྟ་བ་དང་། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དང་། སྒོ་འབྱེད་དང་རྒྱུན་འཁོར། གཉིས་ཕན། མཉམ་རྒྱལ་བཅས་ཀྱི་མཉམ་ལས་ཀྱི་ལྟ་བ། འདྲ་མཉམ་དང་། ལྟ་རེས་དང་། གཏམ་གླེང་དང་། ཁོང་ཡངས་བཅས་ཀྱི་ཤེས་དཔལ་གྱི་ལྟ་བ། དེ་མིན་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་བཅས་བཏོན། དགོངས་པ་ཆེན་པོ་ལྔ་པོ་འདིས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྱོང་བྱེད་པའི་གཞི་རྩའི་དགོངས་དོན་ཕྱོགས་བསྡུས་དང་སྤྱི་སྡོམ་བྱས་ཏེ། “ཧྲང་ཧའེ་ཡི་སྙིང་སྟོབས་”ལ་དུས་རབས་ཀྱི་ནང་དོན་གསར་པ་ཁ་སྣོན་བྱས།

“ཧྲང་ཧའེ་ཡི་སྙིང་སྟོབས་”ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བསམ་བློའི་རྨང་རྡོ་དང་ལག་ལེན་གྱི་ཕྱོགས་སྟོན། ཁོངས་མིའི་རྒྱལ་ཁབ་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན། དེ་ཤེས་དཔལ་གྱི་འགལ་ཟླ་དང་། འཇམ་འཐབ་ཀྱི་བསམ་གཞིག ཐོབ་གྲངས་ཀླད་ཀོར་གྱི་རྩལ་འགྲན་སོགས་ཀྱི་འདུ་ཤེས་རྙིང་པ་ལས་ཐོད་བརྒལ་བྱུང་ནས། ཀྲུང་གོའི་སྲོལ་རྒྱུན་གྱི་“མཐུན་འདྲེས་དགོངས་པ་”དང་ཚད་མཐོའི་གཅིག་མཐུན་ཡིན་པར་མ་ཟད། ཁོངས་མིའི་རྒྱལ་ཁབ་ཀྱིས་དུས་ཡུན་རིང་པོའི་ནང་མཛའ་མཐུན་འགྲོ་འོང་བྱས་པ་ལས་བྱུང་བའི་མཉམ་ལས་འདུ་ཤེས་ལ་སྤྱི་སྡོམ་ཡག་པོ་བྱས་ཤིང་། ས་ཁུལ་དང་རྒྱལ་ཁབ་དབར་ཁྱིམ་མཚེས་ཀྱི་མཛའ་མཐུན་གཏིང་ཟབ་ཏུ་གཏོང་བ་དང་།མཉམ་རྒྱལ་མཉམ་ལས་ཟབ་སྤེལ་བྱེད་པ། ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ། དར་རྒྱས་གོང་འཕེལ་འགྲོ་བའི་ཐུན་མོང་གི་དོན་གཉེར་བརྩོན་ལེན་བྱེད་པ་བཅས་གཅིག་བསྡུས་སུ་མངོན་ཞིང་། དེ་ནི་རྒྱལ་སྤྱིའི་འབྲེལ་བའི་རིགས་པའི་གཞུང་ལུགས་ལ་གསར་གཏོད་གལ་ཆེན་དང་བྱས་རྗེས་ཆེན་པོ་བཞག་པ་རེད། ཆིང་ཏའོ་དབུ་ཚོགས་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཐའ་དཔྱོད་ཀྱིས་“ཧྲང་ཧའེ་ཡི་སྙིང་སྟོབས་”འདི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལྟེ་བའི་རིན་ཐང་ཡིན་པའི་ཆ་ནས་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་ཕྱིན་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་དེད་དེ་འཕེལ་རྒྱས་འགྲོ་བར་རྩ་བའི་འགན་སྲུང་ཁག་ཐེག་བྱས། དེས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས།

གསུམ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་མཉམ་ལས་ཀྱི་ལེའུ་གསར་བ་འགོ་བརྩམས་པ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཐོག་《〈ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དག་ཡུན་རིང་མཛའ་མཐུན་མཉམ་ལས་བྱེད་པའི་སྲོལ་ཡིག་〉ལག་བསྟར་རྩ་གནད་(2018—2022ལོའི་བར)》ཅེས་པ་ལ་སོགས་པའི་མཉམ་ལས་ཡིག་ཆ་23གྲོས་འཆམ་བྱུང་བར་ཁྲིད་སྟོན་དང་སྐུལ་འདེད་བཏང་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན།

ཐུན་མོང་ཐོག་བདེ་འཇགས་བསྐྲུན་པའི་བྱེད་ཐབས་གསར་པ་བཟོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་དོན། ཧུར་ཐག་གིས་“ངན་ཤུགས་གསུམ་”ལ་རྡུང་རྡེག་གཏོང་བའི་2019—2021ལོའི་དབར་གྱི་མཉམ་ལས་རྩ་གནད་དོན་འཁྱོལ་བྱེད་རྒྱུ་དང་། མུ་མཐུད་དུ་“ཞི་བདེའི་ལས་འགན་”ལ་སོགས་པའི་མཉམ་འབྲེལ་འཇིགས་རྒོལ་སྦྱོང་བརྡར་བྱས་ནས། འགོག་སྲུང་ལས་དོན་གྱི་བདེ་འཇགས་དང་། ཁྲིམས་འཛིན་བདེ་འཇགས། ཆ་འཕྲིན་བདེ་འཇགས་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་པ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་ཧྥུ་ཧན་གྱི་འབྲེལ་གཏུག་ཚོགས་ཆུང་”གི་ནུས་པ་འདོན་སྤེལ་བྱས་ནས་ཨ་ཧྥུ་ཧན་ཞི་བདེ་སྒོས་བསྐྱར་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུར་ཐག་གིས་ཕྱོགས་སོ་སོའི་རེ་སྒུག་ལ་གསལ་ལན་གནང་རྒྱུར། འབྱུང་འགྱུར་ལོ་3རིང་ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཁྲིམས་སྲོལ་སྤེལ་རེས་མཉམ་ལས་ཀྱི་གསོ་སྦྱོང་ལྟེ་གནས་ལ་སོགས་པའི་སྟེགས་བུ་བེད་སྤྱད་དེ། ཕྱོགས་སོ་སོར་ཁྲིམས་བསྟར་མི་སྣ་2000གསོ་སྦྱོང་གནང་ནས་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་བ་འཛུགས་སྐྲུན་བྱེད་པར་མོས་མཐུན་ཡོད། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། བདེ་འཇགས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དང་། བདེ་འཇགས་མཉམ་ལས་ཀྱི་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ལ་གྲོས་བསྡུར་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་བྱུང་བར་མ་ཟད། “ངན་ཤུགས་གསུམ་”དང་། དུག་རྫས་ཉེས་གསོག་ལ་རྡུང་རྡེག་བྱེད་པའི་མཉམ་ལས་ཡིག་ཆ་ལ་སོགས་པར་ཡང་ཆོག་མཆན་བཀོད།

ནུས་ཚད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྣན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་དོན། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་པར་སྐུལ་སྤེལ་བྱས་ནས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་སྒོས་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་དང་ས་ཁུལ་གྱི་ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་སྤྱིའི་བགྲོད་ལམ་སྐྱེལ་འདྲེན་སྟབས་བདེ་ཅན་གྱི་གྲོས་ཆོད་སོགས་ཀྱི་མཉམ་ལས་ཡིག་ཆ་དོན་འཁྱོལ་བྱེད་པར་དམ་འཛིན་བགྱི་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་སོ་སོས་ཧུར་ཐག་ངང་ད་ལོའི་ཟླ་11པར་ཧྲང་ཧའེ་རུ་འཚོག་གྲབས་ཡོད་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་པར་དགའ་བསུ་ཞུ་བ་དང་། ཁོང་གིས་བསྟན་དོན་ཀྲུང་གོའི་སྲིད་གཞུང་གིས་ཆིང་ཏའོ་ནས་ཀྲུང་གོ་—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་གནས་དཔལ་འབྱོར་ཚོང་དོན་མཉམ་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་གནང་བར་མ་ཟད། ད་དུང་“ཀྲུང་གོ་—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཨུ་ཡོན་ལྷན་ཁང་”བཙུགས་ནས། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་བཅའ་ཁྲིམས་ཐད་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། དེ་མིན་ཀྲུང་གོའི་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངུལ་ཁང་མཉམ་འབྲེལ་ཚོགས་སྡེའི་སྒྲོམ་གཞིའི་ནང་དམངས་སྒོར་དུང་ཕྱུར་300དང་རིན་མཚུངས་ཀྱི་ཆེད་སྤྱོད་དངུལ་བུན་འཛུགས་རྒྱུ་ཁྱབ་བསྒྲགས་བྱས། རྒྱལ་ཁབ་ཁག་གི་འགོ་ཁྲིད་ཀྱིས་ཚོང་དོན་སྟབས་བདེ་ཅན་དང་། འབྲུ་རིགས་ཉེན་མེད། འགག་སྒོའི་མཉམ་ལས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཡིག་ཆ་དག་ཆོག་མཆན་བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་མཉམ་ལས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུར་མོས་མཐུན་གནང་སྟེ། ས་ཁོངས་ཀྱི་མཉམ་འདྲེས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པའི་རྣམ་པ་གསར་པ་གཏོད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་དོན། ཁོངས་མིའི་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མཉམ་ལས་བསམ་ཚུལ་ལ་སོགས་པའི་ཡིག་ཆ་དོན་འཁྱོལ་ཡོང་བར་ཧུར་ཐག་བྱེད་དགོས་ལ། གཞོན་ནུའི་སྤེལ་རེས་སྒར་ས་སོགས་སྤུས་རྟགས་ལས་གཞི་མུ་མཐུད་དུ་ལེགས་པར་གཉེར་དགོས། སློབ་གསོ་དང་། ཚན་རྩལ་དང་། རིག་གནས་དང་། ཡུལ་སྐོར་དང་། འཕྲོད་བསྟེན་དང་། གནོད་འཚེ་ཉུང་གཏོང་དང་། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྱུང་འགྱུར་ལོ་གསུམ་རིང་ཀྲུང་གོའི་ཕྱོགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཁག་ལ་མི་ཤུགས་ཐོན་ཁུངས་གསར་སྤེལ་གསོ་སྦྱོང་ཕྱོགས་ལ་མི་གྲངས་3000འདོན་སྤྲོད་བྱས་ནས། མང་ཚོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོར་ཤེས་རྟོགས་དང་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཕྱོགས་ཀྱིས་གནམ་གཤིས་སྲུང་སྐར་རླུང་སྤྲིན་ཨང་གཉིས་པ་བེད་སྤྱོད་དེ་ཕྱོགས་སོ་སོར་གནམ་གཤིས་ཐད་ཀྱི་ཞབས་འདེགས་ཞུ་ངེས་ཞེས་ཁྱབ་བསྒྲགས་བྱས། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ཁོར་ཡུག་སྲུང་སྐྱོང་དང་། ཡུལ་སྐོར། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་ཆོག་མཆན་བཀོད་དེ། རིག་གནས་དང་། སློབ་གསོ་དང་། ཚན་རྩལ་དང་། ལུས་རྩལ་དང་། སྨྱན་སྦྱོར་དང་། ན་གཞོན་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བྱ་རྒྱུར་མོས་མཐུན་བྱུང་།

རྒྱལ་སྤྱིའི་མཉམ་ལས་ཀྱི་རྒྱ་སྐྱེད་གསར་པ་མངོན་འགྱུར་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་བཏོན་དོན། ལྟ་ཞིབ་པའི་རྒྱལ་ཁབ་དང་གཏམ་གླེང་རོགས་ཟླ་སོགས་ས་ཁུལ་དང་རྒྱལ་ཁབ་དབར་སྤེལ་རེས་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་དགོས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་རོགས་ཟླའི་འབྲེལ་བ་དམ་ཟབ་བྱེད་པ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་དངུལ་རྩ་ལས་ཁུངས་དབར་གཏམ་གླེང་བགྱིས་ནས་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཇེ་ལེགས་སུ་གཏོང་བ་ལ་བྱས་རྗེས་འཇོག་པར་སྐུལ་འདེད་བྱེད་དགོས། ཐེངས་འདིའི་དབུ་ཚོགས་སྟེང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་འགན་འཁུར་པ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས། འཛམ་གླིང་དངུལ་ཁང་གི་མཐོ་རིམ་འཐུས་མི་སོགས་ཐེངས་དང་པོར་ཞུགས་པར་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དབར་མཉམ་ལས་བྱེད་པའི་ཡིག་ཆའང་གཏན་འཁེལ་བྱས།

བཞི། ཁོངས་མིའི་རྒྱལ་ཁབ་གསར་རྙིང་དང་ལྟ་ཞིབ་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས།

དབུ་ཚོགས་འཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་གཉིས་དབར་གྱི་བྱེད་སྒོ་ཐེངས་སུམ་ཅུ་ཙམ་སྤེལ་ཞིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་ལྷན་དུ་མཉམ་ལས་བགྲོས་ཏེ་ཕྱོགས་མང་གི་ལས་སྟེགས་བཞེངས་ཤིང་། ཕྱོགས་གཉིས་ཀྱི་ལས་སྒྲུབ་ལེགས་པོ་བྱུང་བར་གྲུབ་འབྲས་ཡག་པོ་ཐོབ། ཀྲུང་ཨུ་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་ཚད་མཐོན་པོའི་ཐོག་འཕེལ་རྒྱས་གསར་པ་བྱུང་བ་མངོན་དུ་གྱུར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོ་ནི་སྐབས་གསར་པའི་ཙུང་ཐུང་གི་འགན་བཞེས་རྗེས་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་རྒྱལ་ཁབ་ཐོག་མར་བདམས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་དུས་བབ་གསར་པའི་འོག་ཀྲུང་ཨུའི་འབྲེལ་བ་སྔར་བས་འཕེལ་རྒྱས་དང་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཞིང་། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དགོངས་པ་དང་འཐབ་ཇུས་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པར་མགྲིན་གཅིག་ཏུ་མོས་མཐུན་བྱུང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་ནང་ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོན་པོའི་ཐོག་འཕེལ་རྒྱས་སྔར་ལས་ཆེ་བ་མངོན་འགྱུར་བྱུང་བར་སྐུལ་འདེད་བྱས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་ད་དུང་མཉམ་འབྲེལ་གསལ་བསྒྲགས་ཀྱི་རྣམ་པར་བརྟེན་ནས་“ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་རྣམ་གསར་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་”གཏན་འཁེལ་བྱས་པ་དང་། ཕྱོགས་གཉིས་ཀྱི་ངོས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དཔེ་སྟོན་འཛུགས་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བའི་སྒོ་འབྱེད། རྒྱལ་དོན་བྱེད་སྒོ་སྤེལ་བ་ཕུད་ཐེངས་འདིའི་འཚམས་འདྲིར་ཡིད་འགུག་པའི་གནད་མང་ཞིང་། ཕུན་སུམ་ཚོགས་པའི་རྣམ་པའང་ཟམ་མི་ཆད་པར་འདུག ཀྲུང་ཨུའི་མཛའ་གྲོགས་བདུན་བརྒྱ་ལྷག་ཙམ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་ལ་ཀྲུང་གོའི་“མཛའ་མཐུན་གཟེངས་རྟགས་”ཐོག་མ་གནང་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་བདེན་དཔང་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཙུང་ཐུང་ཕུའུ་ཅིང་ལ་ལྗིད་ཏིག་ཏིག་གི་“མཛའ་མཐུན་གཟེངས་རྟགས་”གནང་ཞིང་འདོགས་དུས། ཚོགས་ར་ཡོངས་ཐབ་མོའི་རྡེབ་སྒྲ་རྒྱུན་མི་ཆད་ཅིང་། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་ཕྱིན།

ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དང་ཕྱོགས་གཉིས་མཉམ་ལས་བྱེད་པར་སྐུལ་འདེད་བཏང་བ་ལ་གྲུབ་འབྲས་གསར་པ་ཐོབ། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་དང་ཕྱོགས་གཉིས་ཀས་“རྒྱུད་གཅིག་ལམ་གཅིག་”གི་སྒྲོམ་གཞིའི་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་ལྟ་བ་གཅིག་གྱུར་བྱུང་། ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཕུའུ་དང་ཀྲུང་ཧ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཕ་རོལ་གྱི་བརྟན་ལྷིང་དང་། འཕེལ་རྒྱས། དར་རྒྱས་འགྲོ་བ་ནི་རང་ངོས་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ལ་བརྩིས། ཧ་སག་སི་ཐན་ནས་“དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་”གྱི་གྲོས་འགོ་བཏོན་ནས་ལོ་ལྔ་འཁོར་བའི་ནང་“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་ཐད་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་གང་ལེགས་བྱས་ཏེ། མགྲིན་གཅིག་ཏུ་ཀྲུང་ཧའི་སྲོལ་རྒྱུན་མཛའ་མཐུན་གྱི་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་བགྲོད་ལམ་སྟེང་ལག་གདང་མཉམ་སྦྲེལ་གྱིས་མདུན་དུ་བསྐྱོད་པར་གྲོས་ཐག་བཅད། ཁེར་གྷི་སི་ཐན་གྱི་ཙུང་ཐུང་རེ་ཨེན་པིའེ་ཁོ་ཧྥུ་དང་ཀྲུང་ཅི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱུང་ཞིང་། རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འབྲེལ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཐུན་མོང་ཐོག་འཕེལ་རྒྱས་མངོན་འགྱུར་བྱུང་བར་འབད་བརྩོན་བྱེད་པ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་སྨིའར་ཅི་ཡེ་དང་ལྷན་དུ་ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འབྲེལ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་ཐོན་ནུས་དང་། མ་དངུལ་འཇོག་པ། ཕན་ཚུན་འབྲེལ་མཐུད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འགོ་འཛུགས་ས་གསར་པ་ནས་མུ་མཐུད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་ངོས་འཛིན་གཅིག་མཐུན་བྱུང་། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་དང་རྒྱལ་ཁབ་གཉིས་པོས་མུ་མཐུད་ནས་ཕན་ཚུན་རོགས་རམ་དང་ཕན་ཚུན་ལ་རྒྱབ་སྐྱོར་སྒོས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་དེ། ཐུན་མོང་ཐོག་འཕེལ་རྒྱས་མངོན་འགྱུར་བྱུང་ཞིང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་གིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་འབྱུང་དགོས་པའི་ཐད་ལ་ངོས་འཛིན་གཅིག་མཐུན་བྱུང་།

རྒྱ་གར་དང་ཕ་ཁི་སི་ཐན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་པ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རང་ངོས་ཀྱི་འཕེལ་རྒྱས་དང་། རང་རྒྱལ་དང་རྒྱ་གར། ཕ་ཁི་སི་ཐན་དབར་གྱི་ཕྱོགས་གཉིས་མཉམ་ལས་བཅས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་ཐོན། རྒྱ་གར་དང་ཕ་ཁི་སི་ཐན་རྩ་འཛུགས་ཁྲོད་ཞུགས་པ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ས་ཁྱོན་དང་མི་གྲངས་སྡོམ་འབོར། རྒྱལ་སྤྱིའི་ཤུགས་རྐྱེན་དང་མཉམ་ལས་བྱེད་སྟངས་བཅས་ཀྱི་བློ་འགུག་ནུས་ས་བཅས་ཀྱི་ཐད་ནས་མཐོར་འདེགས་མངོན་སུམ་བྱུང་བ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་མུ་མཐུད་ནས་འཕེལ་རྒྱས་འགྲོ་བར་གར་སྟེགས་སྔར་ལས་ཆེ་བ་བསྐྲུན་ཞིང་། རང་རྒྱལ་དང་རྒྱལ་ཁབ་དེ་གཉིས་དབར་གྱི་ཕྱོགས་གཉིས་འབྲེལ་བ་འཛུགས་པར་ཡང་མདུན་ལྗོངས་གསར་པ་བཏོད།

ཀྲུའུ་ཞི་ཞི་ཅིན་ཕིང་རྒྱ་གར་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་སོ་སོར་མཇལ་འཕྲད་གནང་སྐབས་ཚང་མས་མགྲིན་གཅིག་ཏུ་“ཧྲང་ཧའེ་ཡི་སྙིང་སྟོབས་”དར་སྤེལ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བདེ་ཞིང་བརྟན་པའི་ངང་འཕེལ་རྒྱས་འགྲོ་བ་ལ་སྐུལ་འདེད་བྱེད་པར་སྨྲ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ལྷན་དུ། ཝུའུ་ཧན་གྱི་དངོས་གཞི་མིན་པའི་མཇལ་འཕྲད་སྟེང་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ནས། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་མཉམ་ལས་མཉམ་རྒྱལ་སྤེལ་ཏེ། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་སྔར་ལས་ལེགས་ཤིང་སྔར་ལས་མགྱོགས་པ། བརྟན་ཐོག་ཡར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་ཐག་བཅད་དོན། ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིན་དང་ལྷན་དུ། མཐོ་རིམ་བར་གྱི་འགྲོ་འོང་དང་འཐབ་ཇུས་འབྲེལ་མཐུད་ལ་སྔར་ལས་ཤུགས་བརྒྱབ་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་གོམ་པ་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་པའི་གྲོས་ཐག་བཅད།

ལྟ་ཞིབ་པའི་རྒྱལ་ཁབ་དང་འབྲེལ་གཏུག་གཏིང་ཟབ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ལ་དབྱི་ལང་གི་ཉིང་རྡུལ་གནད་དོན་ཕྱོགས་ཡོངས་ཀྱི་གྲོས་མཐུན་ནི་མཐའ་མང་རིང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པ་ནན་བཤད་གནང་བ་དང་། དབུས་ཤར་ས་རྒྱུད་ཀྱི་ཞི་བདེ་བརྟན་ལྷིང་དང་རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་མི་འགྲེམ་པའི་མ་ལག་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པས། མུ་མཐུད་དུ་ལག་བསྟར་དོན་འཁྱོལ་བྱེད་དགོས། པའེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་དང་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་འབྲེལ་གཏུག་ཐད་ཤུགས་སྣོན་རྒྱག་པ་དང་། མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཚོང་ལས་གྲུབ་ཚུལ་ལེགས་སྒྱུར་དང་དོ་མཉམ་དུ་གཏོང་བ། “གྲོག་མའི་ཕན་ནུས་”བཏོན་ནས་ཀྲུང་པའེ་ཕྱོགས་གཉིས་ཀྱི་བཟོ་ལས་གླིང་ག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མི་འགྱངས་བར་ལག་བསྟར་བྱ་གྲབས་ཡོད་པའི་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་འཁྱེར་མཁན་ཕན་ཚུན་འཐུས་མཆན་བཀོད་པའི་ལག་ཁྱེར་མི་དགོས་པའི་གོ་སྐབས་དང་བསྟུན་ནས་མི་སྣ་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་གྲོས་ཐག་བཅད། ཨ་ཧྥུ་ཧན་གྱི་ཙུང་ཐུང་ཅ་ནེར་ཀྲུང་གོའི་ཕྱོགས་ཀྱིས་ཨ་སྲིད་གཞུང་གིས་འདུམ་འགྲིག་གི་འཕེལ་རིམ་སྐུལ་འདེད་བྱེད་པ་དང་། ཆབ་སྲིད་གྲོས་མོལ་བརྒྱུད་དེ་ཨ་ཧྥུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་དང་། ཨ་ཕྱོགས་“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན་ལ་ཞུགས་པར་ཡང་རྒྱབ་སྐྱོར་བྱེད་པར་བསྟན། མོང་གོལ་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀ་དང་ལྷན་དུ་“རྒྱུད་གཅིག་ལམ་གཅིག་”མགྱོགས་མྱུར་ངང་སྐུལ་འདེད་བྱེད་པའི་གྲོས་འགོ་“འཕེལ་རྒྱས་ཀྱི་ལམ་བུ་”ཡི་གྲོས་འགོ་དང་སྦྲེལ་མཐུད་དོན་འཁྱོལ་བྱེད་པ་སོགས་ལ་གྲོས་འཆམ་བྱུང་།

དེ་མིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཀྱི་སྐབས་སུ་ཀྲུང་གོ་དང་ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་མཇལ་འཕྲད་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་སྟེ་བསྡུས་ཤིང་། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཕྱོགས་ཡོངས་ནས་ཕྱོགས་གསུམ་མཉམ་ལས་ཀྱི་འཕེལ་རིམ་དང་གྲུབ་འབྲས་སྤྱི་སྡོམ་དང་། ཐུན་མོང་ཐོག་དུས་རིམ་རྗེས་མའི་ལས་འགན་དང་ཁ་ཕྱོགས་གཙོ་བོ་འཆར་འགོད་བྱས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་གསུམ་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གཉིས་ཕན་མཉམ་རྒྱལ་དང་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་ཡོངས་ཕན་གྱི་ལམ་བུ་ཞིག་ལ་བགྲོད་དེ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་སྟོན་ཞིག་བསྐྲུན་པར་སྐུལ་སློང་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་རྟོན་དང་འཐབ་ཇུས་ཐོག་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། གཙོ་གནད་མཉམ་ལས་སྐུལ་འདེད་བརྒྱུད་ཕྱོགས་ཡོངས་མཉམ་ལས་འཁྲིད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་ཆེར་བསྐྱེད་པ་ལ་སོགས་པའི་གྲོས་འགོ་བཏོན་པར་ཨུ་རུ་སུ་དང་མོང་གོལ་ཕྱོགས་གཉིས་ཀྱིས་མོས་མཐུན་བྱུང་།

ལྔ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལམ་ཆས་གྲ་བསྒྲིགས་ནས་འགྲོ་གྲབས་བྱེད་པ།

མིག་སྔར། འཛམ་གླིང་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བྱེད་པའི་དུས་སྐབས་སུ་འཁེལ་ཞིང་། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་དུས་རབས་ཀྱི་རླབས་རྒྱུན་ནི་འགོག་ཐབས་དང་བྲལ་བ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་“ཧྲང་ཧའེ་ཡི་སྙིང་སྟོབས་”ཀྱི་དར་ཆ་འདི་མཐོན་པོར་བསྒྲེངས་ཏེ། རོགས་པ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པ་དང་། གླེང་མོལ་སྤེལ་རེས་ལས་ཁ་གཏད་དུ་མི་ལངས་པའི་མཉམ་འབྲེལ་བྱེད་སྟངས་མཐའ་འཁྱོངས་བྱས་ནས། ལྟ་ཞིབ་པའི་རྒྱལ་ཁབ་དང་སྐད་ཆ་ཤོད་རེས་ཀྱི་རོགས་ཟླའི་བར་གྱི་འབྲེལ་གཏུག་མཐུན་སྦྱོར་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་བར་སྤེལ་རེས་དང་མཉམ་ལས་དམ་ཟབ་བྱེད་པ། ཕན་ཚུན་ཡིད་རྟོན་དང་གཉིས་ཕན། མཛའ་མཐུན། མཉམ་ལས་ཀྱི་རྒྱལ་སྤྱིའི་རོགས་ཟླའི་འབྲེལ་བ་སྔར་བས་རྒྱ་བསྐྱེད་དུ་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཧུར་ཐག་བྱེད་དགོས།

ཁོངས་མིའི་རྒྱལ་ཁབ་ཀྱིས་མཉམ་དུ་བདེ་འཇགས་སྲུང་སྐྱོང་དང་མཉམ་དུ་འཕེལ་རྒྱས་ཀྱི་དམིགས་ཡུལ་བགྲོས་ནས་དངོས་སྒྲུབ་མཉམ་ལས་གཏིབ་ཟབ་ཏུ་གཏོང་བར་ཤུགས་རྒྱག་པ་དང་། མ་འོངས་པའི་ལོ་5ནས་10རིང་ནི་ཁོངས་མིའི་རྒྱལ་ཁབ་ཀྱི་རྒྱལ་ཁབ་གོང་འཕེལ་དར་རྒྱས་འགྲོ་བའི་གནད་འགག་གི་དུས་སྐབས་དང་གོ་སྐབས་ལྡན་པའི་དུས་སྐབས་ཤིག་ཡིན། ཁོངས་མིའི་རྒྱལ་ཁབ་དག་གིས་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་བྱེད་པའི་སྐོར་གྱི་ཆིངས་ཡིག་གི་ལག་བསྟར་རྩ་གནད་དོན་འཁྱོལ་གཏིང་ཟབ་དང་། སྲིད་ཇུས་ཀྱི་འབྲེལ་གཏུག་ལ་རྒྱུན་ཆད་མེད་པར་ཤུགས་བརྒྱབ་སྟེ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་དང་། ཕྱོགས་ཡོངས་ནས་བདེ་འཇགས་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་གཙོ་བོའི་ཐད་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་བདེ་འཇགས་ཀྱི་འགག་སྒོ་བརྟན་པོར་གཏོང་བ་དང་། ཐུན་མོང་ཐོག་འཕེལ་རྒྱས་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་པའི་ཐད་ལ་སྔར་ལས་ཆེ་བའི་ནུས་པ་འདོན་པར་སྐུལ་འདེད་བཏང་ནས། ས་ཁུལ་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དངོས་མ་སྟེར་དགོས།

ཁོངས་མིའི་རྒྱལ་ཁབ་ཀྱིས་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་པ། ཁོངས་མིའི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ས་ཁོངས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་མང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱོགས་མང་དཔལ་འབྱོར་མཉམ་ལས་ཀྱི་རྩ་གནད་དོན་འཁྱོལ་བྱེད་པ། འདྲ་མཉམ་གྲོས་མོལ་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཕྱོགས་མང་ཚོང་དོན་མ་ལག་ལ་སྲུང་སྐྱོང་དང་། རྟག་གླེང་གནད་དོན་ཞི་བས་ཐག་གཅོད་བྱེད་པར་“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གཏམ་བརྗོད་”དང་“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཇུས་གཞི་”འདོན་པར་སྐུལ་འདེད་བྱེད་དགོས།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་མཚོ་འགྲམ་གྲོང་ཁྱེར་ཆིང་ཏའོ་ནས་ནུས་པ་གསར་པ་ཐོབ་ཅིང་འཐབ་ལམ་གསར་པ་ཞིག་གི་འགོ་ཡང་བརྩམས། ཀྲུང་གོས་སྔར་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་དུ་དབུ་ཚོགས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དོན་འཁྱོལ་བགྱིས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། མཉམ་ལས་སྔར་བས་ཆོད་ཆེ། ལག་ལེན་སྔར་བས་ཤུགས་ཆེ་བར་གཏོང་རྒྱུ་ཡིན། “རིམ་སྤར་པར་མ་”ཡི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྔར་བས་འོད་སྟོང་ལྡན་པའི་འབྱུང་འགྱུར་ཞིག་བསུ་ངེས།

བསམ་གཏན་དོན་གྲུབ་ཀྱིས་བསྒྱུར།