སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《 བདེན་འཚོལ་》ཏེ་《དར་དམར་》དུས་དེབ་བཏོན་ནས་ལོ་ངོ་60འཁོར་བར་ཕུལ་བའི་རྟེན་འབྲེལ་ཞུ་ཡིག

ཏང་ཀྲུང་དབྱང་གི་ལས་ཁུངས་དུས་དེབ་《བདེན་འཚོལ་》ཏེ་《དར་དམར་》དུས་དེབ་བཏོན་ནས་ལོ་ངོ་60འཁོར་བའི་དུས་བཟང་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་དུས་དེབ་ཁང་གི་ལས་བྱེད་མི་སྣ་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན།

《བདེན་འཚོལ་》དུས་དེབ་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ལས་དོན་ལ་མཛུབ་སྟོན་བྱེད་པའི་གལ་ཆེའི་བསམ་བློའི་གཞུང་ལུགས་ཀྱི་གཡུལ་ས་ཡིན་ཞིང་། དུས་ཡུན་རིང་པོའི་ནང་། བློ་མཐུན་རྣམ་པས་ཏང་དེབ་ཏང་གི་ངོ་བོ་དང་། ཆབ་སྲིད་པས་དུས་དེབ་སྒྲིག་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་སྒོས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞིར་དྲིལ་བསྒྲགས་དང་འགྲེལ་བརྗོད་གནང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལ་དྲིལ་བསྒྲགས་དང་འགྲེལ་བརྗོད་གཏིང་ཟབ་བགྱིས་ཏེ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པ་དུས་ཐོག་ཏུ་དྲིལ་བསྒྲགས་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་ཐད་ལ་དཀའ་སྤྱད་འཚོལ་ཞིབ་དང་འབད་བརྩོན་ལྷོད་མེད་བྱས་ཤིང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། མང་ཚོགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་ཆེད་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་དངོས་ལ་སློབ་སྟོན་བྱེད་པ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

ངའི་རེ་བར་བློ་མཐུན་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་དོན་འཁྱོལ་གཏིང་ཟབ་གནང་ཞིང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ། “འདུ་ཤེས་བཞི་”ཇེ་ཆེར་གཏོང་བ། “གདེང་ཚོད་བཞི་”ཇེ་བརྟན་བཏང་ནས། བསམ་བློ་དང་ཆབ་སྲིད། ལག་ལེན་བཅས་ཀྱི་ཐོག་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སྒྱུར་བཅོས་གསར་གཏོད་བྱས་ནས་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་ནས། མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་བར་བྱས་རྗེས་སྔར་ལས་ཆེ་བ་གཞག་ཐུབ་པར་སྨོན།

ཞི་ཕིན་ཕིང་།

2018ལོའི་ཟླ་7པའི་ཚེས་4ཉིན།

(ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ་7པའི་ཚེས་4ཉིན་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།)

བསམ་གཏན་དོན་གྲུབ་ཀྱིས་བསྒྱུར།