སྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་གི་ལོ་རྒྱུས་ཐོག་གི་རླབས་ཆེ་བའི་རྟོགས་སད་ཐེངས་ཤིག་རེད།

ཆིའུ་ཆིན་ཧྲན།

ད་ལོ་ནི་རང་རྒྱལ་གྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཡིན། འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དེ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ལས་དོན་གྱི་གནས་ཚད་དང་དུས་ཚིགས་གལ་ཆེན་ཞིག་རེད།

1978ལོའི་ཟླ་12པར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོགས་བྱས་ཏེ། ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་བསྟུན་པ་དང་། མི་དམངས་ཀྱི་འདོད་བློ་ལ་བརྩི་འཇོག་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ལྟེ་གནས་དཔལ་འབྱོར་འཛུགས་སྐྲུན་ཐོག་སྤོ་བསྒྱུར་བྱས་པ་དང་། སྒྱུར་བཅོས་སྒོ་འབྱེད་ལག་ལེན་བསྟར་བའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་པ་རེད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རང་རེའི་ཏང་གི་ལོ་རྒྱུས་ཐོག་དོན་སྙིང་གཏིང་ཟབ་ལྡན་པའི་རླབས་ཆེན་གྱི་འཕོ་འགྱུར་ཐེངས་ཤིག་མངོན་འགྱུར་བྱས་པ་དང་། དེས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དེ་ཉིད་དུས་རབས་གསར་པར་སླེབས་པ་མཚོན་ཡོད། སྒྱུར་བཅོས་སྒོ་འབྱེད་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་གསར་བརྗེ་རླབས་པོ་ཆེ་གསར་པ་སྤེལ་བ་དང་། དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་ལ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2018ལོའི་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་། ཧའེ་ནན་ཞིང་ཆེན་བཙུགས་པ་དང་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས། སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་རྒྱུས་འཕེལ་རིམ་ལ་ཕྱི་མིག་བལྟས་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ཤིང་། མུ་མཐུད་དུ་སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དམིགས་བསལ་ས་ཁུལ་ལེགས་པར་སྒྲུབ་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། འགྲོ་མྱོང་བའི་ལམ་བུ་ལ་ཕྱིར་མིག་ལྟ་བ་དང་། མདུན་སྐྱོད་ཀྱི་ལམ་བུ་ལ་རྒྱང་ལྟ་བྱས་ཚེ། ང་ཚོས་“གདེང་ཚོད་བཞི་”བརྟན་པོར་གཏོང་བ་དང་། རླབས་ཆེ་བའི་རྟོགས་སད་གསར་པའི་ཁྲོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་མུ་མཐུད་ནས་མདུན་དུ་སྐུལ་བ་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན།

གཅིག སྒྱུར་བཅོས་སྒོ་འབྱེད་ནི་ཇི་ལྟར་བྱུང་བ་དང་། རླབས་ཆེ་བའི་རྟོགས་སད་ནི་གང་ནས་བྱུང་བ།

ལོ་རྒྱུས་ཀྱི་དོན་རྐྱེན་གང་ཡང་རུང་བ་དང་ལོ་རྒྱུས་ཀྱི་སྣང་ཚུལ་གང་བྱུང་ཚང་མ་སྟེས་དབང་ཞིག་མ་ཡིན་ཏེ། དེའི་ཤུགས་སུ་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས། ལོ་རྒྱུས་སོགས་གཏིང་ཟབ་པའི་རྒྱུ་རྐྱེན་མི་ཉུང་བ་ཞིག་སྐུང་ཡོད་པ་རེད།

སྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་གིས་འདས་པའི་ལོ་རྒྱུས་ལ་ཕྱིར་འདང་གཏིང་ཟབ་བྱས་པའི་འབྲས་བུ་ཡིན། དུས་རབས་གོང་མའི་ལོ་རབས་50པའི་མཇུག་ཏུ། ང་ཚོའི་ཏང་ལ་“གཡོན་”གྱི་ནོར་འཁྲུལ་བྱུང་འགོ་ཚུགས་པ་དང་། དེ་ལས་ཀྱང་“རིག་གནས་གསར་བརྗེ་ཆེན་པོ་”ནི་“གཡོན་”ལྷུང་ནོར་འཁྲུལ་གྱི་མཛུབ་སྟོན་བསམ་བློས་ཀྲུང་དབྱང་དུ་གཙོ་ཁྲིད་གོ་གནས་བཟུང་ཡུན་ཆེས་རིང་བའི་དུས་སྐབས་ཤིག་རེད། དུས་སྐབས་འདིར་དཔལ་འབྱོར་ཐོར་ཞིག་ཏུ་འགྲོ་ཉེན་ཆེ་བ་དང་། དུས་ཡུན་རིང་པོར་མི་དམངས་ཀྱི་འཚོ་བ་ལེགས་བཅོས་སུ་འབྱུང་མ་ཐུབ་པ་རེད། ཛ་དྲག་ཆེ་བའི་གནས་བབ་འདི་དང་འདི་ལས་བྱུང་བའི་ངན་འབྲས་ཀྱི་མདུན་དུ། བློ་མཐུན་ཏེང་ཞའོ་ཕིན་གྱིས་རྣག་ཐོག་གཙག་འཁེལ་གྱི་སྒོ་ནས་བསྟན་དོན། “ད་ལྟ་ད་དུང་སྒྱུར་བཅོས་ལག་བསྟར་མ་བྱས་ཚེ། ང་ཚོའི་དེང་རབས་ཅན་གྱི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དེ་འཕུང་བར་འགྱུར་ངེས་ཡིན་”ཞེས་པ་དང་། “སྤྱི་ཚོགས་རིང་ལུགས་ཀྱིས་དབུལ་ཕོངས་མེད་པར་གཏོང་དགོས། དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་ལ། གུང་ཁྲན་རིང་ལུགས་ནི་དེ་བས་ཀྱང་མིན།” ཆོད་གཏམ་གལ་ཆེན་དེ་དག་ནི་དངོས་གནས་བློ་མུན་སེལ་བྱེད་དང་། བློ་ཡུལ་ལས་འགོངས་པ་ཞིག་རེད་ཨང་། ཕྱོགས་མཐར་ལྷུང་ན་ལྡོག་ནུས་ཐོན་པ་དང་། སྡུག་མཐར་ལྷུང་ན་སྐྱིད་ཀྱི་ཕྱོགས་སུ་ལྡོག གནད་དོན་གྱི་མདུན་དུ། སྐྱོ་ངལ་ཕྱིར་དྲན་བྱས་ཚེ། ངེད་ཅག་རྟོགས་སད་འབྱུང་ངེས། གལ་སྲིད་“རིག་གནས་གསར་བརྗེ་ཆེན་པོར་”དགེ་མཚན་ཞིག་ཡོད་ཟེར་ན། དེ་ནི་ང་ཚོར་ལྡོག་ཕྱོགས་ནས་སློབ་གསོ་ཞིག་བཏང་བ་དེ་རེད།

སྒྱུར་བཅོས་སྒོ་འབྱེད་ནི་རང་རེའི་ཏང་གིས་ད་ལྟའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་ངོས་ཟིན་གསལ་པོ་བྱུང་བའི་འབྲས་བུ་ཡིན། “མི་བཞི་ཤོག་ཁག་”རྡུལ་དུ་བརླག་རྗེས། ང་ཚོས་རྒྱལ་སྒོ་ཕྱི་ཕྱོགས་སུ་ཕྱེ་བ་རེད། ང་ཚོས་རང་རྒྱལ་དང་ཕྱི་རྒྱལ་གྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་དང་། ཐ་ན་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཆེན་པོ་མཐོང་ཚེ་ཧ་ལས་བྱུང་སོང་། 1978ལོའི་ཟླ་10པར། བློ་མཐུན་ཏེང་ཞའོ་ཕིན་ཉིད་གདན་ཞུས་ལྟར་འཇར་པན་ལ་བཅར་འདྲིར་ཕེབས་པ་དང་། འཚམས་འདྲིའི་སྐབས་སུ་ཁོང་གིས་འཇར་པན་གྱི་རྣོ་ལྕགས་དང་། རླངས་འཁོར་དང་གློག་ཆས་བཟོ་གྲྭ་ལ་ལྟ་སྐོར་བྱས་པ་རེད། ཁོང་གིས་རི་ཁྲན་ཀུང་སིས་ཐོན་སྐྱེད་བྱས་པའི་རླངས་འཁོར་ལ་རྟོག་ཞིབ་བྱེད་སྐབས། ཚོར་སྣང་ཟབ་མོ་སྐྱེས་ཏེ། “ངས་དེང་རབས་ཅན་ནི་ཅི་ཞིག་ཡིན་པ་རྟོགས་བྱུང་།” འཛམ་གླིང་དཔལ་འབྱོར་གྱི་གོང་འཕེལ་བྱུང་རིམ་ལ་རྒྱུས་ལོན་ཇེ་མང་དུ་སོང་བས། ང་ཚོའི་ཏང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་རྗེས་ཕྱོགས་ཀྱི་འཕེལ་རྒྱས་མདུན་ལམ་ལ་བསམ་བློ་གཏོང་དགོས་པ་བྱུང་ཞིང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་སྒྱུར་བཅོས་སྒོ་འབྱེད་ནི་“དུས་ཀྱི་འཁོར་ཕྱོགས་དང་། བློ་སེམས་གཏད་ཕྱོགས་”ཡིན་པའི་ཐུན་མོང་གི་ངོས་འཛིན་ཆགས་པ་རེད། སྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་གིས་འབྱུང་འགྱུར་གྱི་དམིགས་ཚད་རྩེ་གཅིག་ཏུ་བརྩོན་གཉེར་གནང་བའི་གྲུབ་འབྲས་ཡིན། སྤྱི་སྙོམས་ཆེན་པོའི་འཇིག་རྟེན་དང་། འབྱོར་བ་འབྲིང་ཙམ་གྱི་སྤྱི་ཚོགས་ནི། ཀྲུང་གོའི་མི་དམངས་ཀྱིས་གནའ་ནས་ད་བར་ཡིད་སྨོན་འཆོར་སའི་ཕུགས་བསམ་གྱི་སྤྱི་ཚོགས་ཡིན། གུང་ཁྲན་ཏང་མིས་གསར་བརྗེ་བྱེད་པ་དང་། འཛུགས་སྐྲུན་བྱེད་པ། སྒྱུར་བཅོས་འཛིན་པ་བཅས་ཀྱི་དམིགས་ཡུལ་ནི་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་ཆེད་ཡིན་ལ། མཇུག་མཐར་གུང་ཁྲན་རིང་ལུགས་མངོན་གྱུར་བྱེད་རྒྱུ་དེ་རེད། གུང་ཁྲན་རིང་ལུགས་ནི་ཐོན་སྐྱེད་ནུས་ཤུགས་དར་རྒྱས་ཧ་ཅང་ཆེ་བ་དང་། དངོས་པོའི་རྒྱུ་ནོར་ཧ་ཅང་འབེལ་པོ་ཡིན་ལ། མི་རྣམས་ཀྱི་བསམ་པའི་གོ་རྟོགས་ཆེས་ཆེར་མཐོར་འདེགས་བྱུང་ཞིང་། མི་ཚང་མ་རང་དབང་བྱུང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་སྲིད་པའི་སྤྱི་ཚོགས་ཤིག་རེད། ང་ཚོར་དངོས་གཙོའི་ལོ་རྒྱུས་སྨྲ་བས་བསྟན་དོན། ཐོན་སྐྱེད་འབྲེལ་བ་དེ་ཐོན་སྐྱེད་ནུས་ཀྱི་ཤུགས་རྗེས་སུ་ལུས་མི་རུང་ལ། ཐོན་སྐྱེད་ནུས་ཤུགས་ལས་བརྒལ་ཡང་མི་རུང་། ཐོན་སྐྱེད་ནུས་ཤུགས་ལས་བརྒལ་ཚེ། མགྱོགས་འདོད་ཆེ་དྲགས་ན་སླེབས་དཀའ་བའི་དཔེ་བཞིན་ཡིན། ལོ་རྒྱུས་ཀྱིས་བློ་སྒོ་ཕྱེ་ནས། ང་ཚོས་སྐར་ཚོམ་བཀྲ་བའི་ནམ་མཁའ་ལ་གཟིགས་ཤིང་། ཕུགས་བསམ་ཆེན་པོ་སྙིང་ལ་འཆང་དགོས་པ་མ་ཟད། ཏན་ཏན་ཏིག་ཏིག་བྱེད་དགོས་པ་དང་ཡོད་ཚད་དོན་དངོས་གཞིར་བཟུང་སྟེ་འགོ་རྩོམ་དགོས།

སྒྱུར་བཅོས་སྒོ་འབྱེད་དང་རླབས་ཆེ་བའི་རྟོགས་སད་ནི་གཅིག་ལ་གཅིག་འབྲེལ་ཡིན་ཏེ། རླབས་ཆེ་བའི་རྟོགས་སད་བྱུང་བས་ད་གཟོད་སྒྱུར་བཅོས་སྒོ་འབྱེད་ཡོད་པ་ཡིན། འོ་ན། རླབས་ཆེ་བའི་རྟོགས་སད་ནི་གང་ནས་ཡོང་བ་ཡིན་ནམ།

རླབས་ཆེ་བའི་རྟོགས་སད་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་གཤིས་ལས་བྱུང་བ་རེད། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་པ་དང་། དུས་མཚུངས་སུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཀྱང་ཡིན། མར་ཁེ་སི་དང་ཨེན་ཀེ་སིས་《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང་བསྟན་དོན་། “གུང་ཁྲན་ཏང་མིས་བཟོ་པ་གྲལ་རིམ་གྱི་དམིགས་ཡུལ་དང་ཁེ་ཕན་ཐག་ཉེ་ཤོས་ཀྱི་དོན་དུ་འཐབ་རྩོད་བྱེད་བཞིན་ཡོད། ཡིན་ན་ཡང་ཁོ་ཚོའི་ད་ལྟའི་ལས་འགུལ་ནང་དུས་མཚུངས་སུ་འབྱུང་འགྱུར་གྱི་ལས་འགུལ་ཡང་མཚོན་གྱི་ཡོད།” ཀྲུང་གོ་གུང་ཁྲན་ཏང་ལ་རང་ཉིད་ཀྱི་ཁེ་ཕན་མེད་པ་དང་། རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་ནི་དེ་བས་ཀྱང་མེད། དེས་མཚོན་པའི་ཁེ་ཕན་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་དང་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཡིན། དེར་བརྟེན། ང་ཚོའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པས་ན། དེ་སྔའི་ཆབ་སྲིད་ཀྱི་སྟོབས་ཤུགས་གང་རུང་གིས་རང་ངོས་ཀྱི་དམིགས་བསལ་ཁེ་ཕན་དོན་གཉེར་བྱེད་པའི་བཀག་རྒྱ་ལས་ཐར་ཐུབ། སྒེར་སེམས་མེད་ལ་དཔའ་མི་ཞུམ་པ། སྒྲུབ་ཕོད་པ་དང་གཏོང་ཕོད་ཅིང་། ཆབ་སྲིད་ཀྱི་སྟོབས་ཤུགས་གཞན་དག་གིས་སྒྲུབ་མི་ཐུབ་པ་དང་། སྒྲུབ་མི་འདོད་པའི་བྱ་བ་རྣམས་དེ་ཉིད་ཀྱིས་སྒྲུབ་ཕོད་པ་དང་སྒྲུབ་ཐུབ་པར་འགྱུར་ཡོད། དྲང་བདེན་ཟོལ་མེད་དང་། དངོས་ཐོག་བདེན་འཚོལ། ཕྱི་གསལ་ནང་གསལ། ཁ་གསལ་གཏིང་གསལ་བཅས་ཡིན་ཞིང་། བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུལ་བྱུང་སྲོལ་རྒྱུན་དང་ཕུལ་བྱུང་གཤིས་རྒྱུད་གསར་སྐྲུན་མཛད་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་ལོ་རྒྱུས་ཐོག་བར་ཆད་ཡང་ཡང་ཕོག་ཀྱང་མྱུར་བར་ནོར་བཅོས་ཐུབ་པ་དང་། དཀའ་ཁག་ལས་ཐར་བ། ཉེན་ཁའི་གནས་ཚུལ་བསྒྱུར་བ། ཉེན་ཁ་བདེ་འཇགས་སུ་བསྒྱུར་བ་བཅས་བྱས་ཏེ། རྣམ་པ་གསར་པ་གཏོད་ཐུབ་པའི་རྩ་བའི་རྒྱུ་རྐྱེན་རེད།

རླབས་ཆེ་བའི་རྟོགས་སད་ནི་མར་ཁེ་སི་རིང་ལུགས་ཀྱི་ཤེས་པའི་རྣམ་བཤད་ཀྱི་གཞི་རྩའི་གཞུང་ལུགས་ཁྲོད་ནས་བྱུང་བ་རེད། ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་གཉག་ཅིག་ཡིན། ལག་ལེན་གྱི་ལྟ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་ཡིན་ལ། དེའི་གཞི་འཛིན་ས་དང་མཐའ་འབྲས་ཀྱང་ཡིན། ལག་ལེན་ནི་ཆེས་མཐོ་ཞིང་ཆེས་ཆེ་བའི་སྤྱི་ཚོགས་“ཁྲིམས་དཔོན་”དང་། རང་སྣང་གི་དངོས་པོ་ཡོད་ཚད་ཀྱིས་ངེས་པར་དུ་ལག་ལེན་གྱི་ཞིབ་བཤེར་ཐེག་དགོས་པ་དང་། “ཁྲིམས་དཔོན་”འདིའི་མདུན་ནས་ཁྲུན་གཅོད་དང་ལེན་བྱེད་དགོས། ལག་ལེན་གྱི་ཁྲོད་ནས་བདེན་དོན་ངོས་འཛིན་དང་། བདེན་དོན་གསར་རྙེད། བདེན་དོན་འཕེལ་རྒྱས་བཅས་ནི་མར་ཁེ་སི་རིང་ལུགས་ཀྱི་མཚད་ཉིད་རིག་པའི་གཞི་རྩའི་གཞུང་ལུགས་ཡིན། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་ཐོབ་པའི་རླབས་ཆེ་བའི་རྟོགས་སད་ནི། ཏག་ཏག་ལོ་ངོ་40ཡི་གོང་ལ་“ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་གཉག་ཅིག་ཡིན་”ཞེས་པའི་གྲོས་བསྡུར་ཆེན་པོ་ནས་འགོ་ཚུགས་པ་རེད། བདེན་དོན་ཚད་གཞིའི་གྲོས་བསྡུར་དེ་ཉིད་རྒྱ་ཆེར་སྤེལ་བ་དང་། ས་ཁྱབ་རྡོ་ཁྱབ། མི་སེམས་ལ་ཟུག་པ། ཤུགས་རྐྱེན་གཏིང་ཟབ་བྱུང་བ་བཅས་ནས་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་བསམ་བློ་བཅིངས་འགྲོལ་གྱི་འགོ་ཚུགས་པ་རེད། བདེན་དོན་གྱི་ཚད་གཞིའི་གཏན་འབེབས་ཀྱིས་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་སླར་གསོ་བྱས་ཤིང་། མི་རྣམས་ཀྱི་བསམ་བློ་དེ་ཡུན་རིང་བའི་“གཡོན་”ཀྱི་ལྕགས་སྒྲོག་དང་ལུང་འཛིན་རིང་ལུགས་ཀྱི་འཆིང་རྒྱ་ལས་བཅིངས་གྲོལ་ཐོབ་པ་རེད་། བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་སྒོ་འབྱེད་ཕན་ཚུན་བར་སྐུལ་རེས་དང་། འདུ་ཤེས་གསར་གཏོད་དང་ལག་ལེན་འཚོལ་ཞིབ་ཕན་ཚུན་བར་སྐུལ་འདེད་ལས་བསམ་བློའི་ཁྲིད་སྟོན་གྱི་སྟོབས་ཤུགས་ཆེན་པོ་མཚོན་པ་རེད། སྒྱུར་བཅོས་སྒོ་འབྱེད་ཁྲོད་དུ། མར་ཁེ་སི་རིང་ལུགས་ཀྱི་ཤེས་པའི་རྣམ་བཤད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་རྟོགས་སད་ཐུབ་པ་དང་། རྟོགས་སད་ཕོད་པ། རྒྱུན་མཐུད་རྟོགས་སད་བཅས་ཀྱི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་སྤྲད་སོང་།

རླབས་ཆེ་བའི་རྟོགས་སད་ནི་མི་དམངས་མང་ཚོགས་ཀྱི་ལོ་རྒྱུས་ལ་ཐོན་པའི་ནུས་པའི་ཁྲོད་ནས་བྱུང་བ་རེད། སྒྱུར་བཅོས་སྒོ་འབྱེད་ཁྲོད་ཀྱི་བྱ་དངོས་མང་པོ་ཞིག་ནི་མི་དམངས་མང་ཚོགས་ཀྱིས་སྤོབས་པ་ཆེན་པོས་འཚོལ་ཞིབ་དང་། སྙིང་སྟོབས་སྐྱེད་ནས་ལག་བསྟར་བྱས་པ་བརྒྱུད་དེ་གསར་དུ་བསྐྲུན་པ་རེད། སྒྱུར་བཅོས་སྒོ་འབྱེད་ཀྱང་གྲོང་གསེབ་ནས་གྲོང་ཁྱེར་དང་། མཚོ་རྒྱུད་ནས་ནང་ས། ཆ་ཤས་ནས་ཁྱོན་ཡོངས་སུ་རིམ་པ་བཞིན་དུ་སྤེལ་བ་རེད། བརྒྱུད་རིམ་དེའི་ཁྲོད་དུ། མི་དམངས་མང་ཚོགས་ནི་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་སྒོ་འབྱེད་ཀྱི་ལག་ལེན་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། ཐེ་ཞུགས་པ་བཅས་ཡིན། དུད་ཚང་ཐོན་འབྲེལ་འགན་ལེན་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་ནས་ཤང་གྲོང་ཁེ་ལས་གློ་བུར་དུ་འཕེལ་རྒྱས་བྱུང་བ་དང་། མི་དམངས་ཀུང་ཧྲེའི་ལམ་ལུགས་མེད་པར་བཟོས་པ་ནས་ཁེར་རྐྱང་སྒེར་གཉེར་དཔལ་འབྱོར་འཕེལ་རྒྱས་བྱུང་བ། “ཐོན་གསུམ་གཅིག་གསབ་”ནས་རྒྱལ་ཁོངས་ཕྱིའི་མ་དངུལ་དང་། ལག་རྩལ། སྒྲིག་ཆས། འཇོན་མི་བཅས་ནང་འདྲེན་བྱས་པ། དཔལ་འབྱོར་དམིགས་བསལ་ཁུལ་གཉེར་བ་ནས་སྒོ་འབྱེད་མཚོ་རྒྱུད་གྲོང་ཁྱེར་དང་། མཚོ་རྒྱུད་ཀྱི་དཔལ་འབྱོར་སྒོ་འབྱེད་ས་ཁུལ་བཙུགས་པ། དེ་ནས་རིམ་བཞིན་ནང་ལོགས་སྐམ་སའི་ཁུལ་དང་དེ་བཞིན་མཐའ་མཚམས་ཁུལ་སྒོ་འབྱེད་བྱས་པ་སོགས་ལྟ་བུ་རེད། སྒྱུར་བཅོས་སྒོ་འབྱེད་ཁྲོད་ཐོད་བརྒལ་གསར་པ་དང་། བྱ་དངོས་གསར་པ། གྲུབ་འབྲས་གསར་པ་རབ་དང་རིམ་པ་བྱུང་བ་བཅས་ཚང་མར་མི་དམངས་མང་ཚོགས་ཀྱི་བློ་གྲོས་དང་། སེམས་ངལ། རྔུལ་ཆུ་བཅས་འདུས་ཡོད་པ་རེད། མི་དམངས་མང་ཚོགས་ནི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྩ་བའི་སྒུལ་ཤུགས་ཡིན་ལ། ང་ཚོའི་ཏང་གི་གཞི་རྩ་དང་། ཁྲག་རྒྱུན། སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཀྱང་ཡིན།

གཉིས། རླབས་ཆེ་བའི་རྟོགས་སད་ཀྱིས་སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་མ་གནང་བ་དང་། སྒྱུར་བཅོས་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་དུས་སྐབས་གསར་པའི་ནང་གི་ཁྱད་ཆོས་མངོན་གསལ་དོད་ཤོས་དང་གསར་གཏོད་རླབས་ཆེ་ཤོས་དེ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བསྟན་དོན་། “སྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་གི་ལོ་རྒྱུས་ཐོག་རླབས་ཆེ་བའི་རྟོགས་སད་ཐེངས་ཤིག་ཡིན་ལ། རླབས་ཆེ་བའི་རྟོགས་སད་འདིས་དུས་རབས་གསར་པའི་ནང་གཞུང་ལུགས་ནས་ལག་ལེན་བར་གྱི་གསར་གཏོད་རླབས་པོ་ཆེ་སྦྲུམ་ཡོད་པ་རེད།” སྒྱུར་བཅོས་སྒོ་འབྱེད་ནི་རླབས་ཆེ་བའི་རྟོགས་སད་ཀྱི་ཐོན་དངོས་ཡིན་པ་དང་། རླབས་ཆེ་བའི་རྟོགས་སད་ཀྱིས་སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་སློང་བཏང་ཞིང་། སྒྱུར་བཅོས་སྒོ་འབྱེད་ཀྱིས་ཀྲུང་གོ་འཕེལ་རྒྱས་བཏང་བ་དང་། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་བཏང་ལ། མར་ཁེ་སི་རིང་ལུགས་འཕེལ་རྒྱས་བཏང་བ་རེད།

ཀྲུང་གོ་གུང་ཁྲན་ཏང་གིས་ལག་ལེན་དངོས་ཀྱི་འཚོལ་ཞིབ་ཁྲོད། སྒྱུར་བཅོས་སྒོ་འབྱེད་ལ་“གསར་བརྗེ་”ཡི་གོ་དོན་གསར་པ་ཁྱོན་ཡོངས་ནས་སྤྲད་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ང་ཚོས་ལག་བསྟར་བྱས་པའི་སྒྱུར་བཅོས་སྒོ་འབྱེད་ཀྱི་ངོ་བོ་ཅི་ཡིན་ཞེ་ན། ང་ཚོའི་ཏང་གི་འདོད་དོན་ལ། དེ་ནི་ལམ་ལུགས་ཀྱི་གནད་དོན་ཕྲན་ཚེགས་ཤིག་གསོ་བྱེད་པ་མིན་ལ། ལེགས་བཅོས་བྱེད་པ་ཡང་མིན་པར། དོན་སྙིང་ངེས་ཅན་ཐོག་གི་“གསར་བརྗེ་”ཐེངས་ཤིག་རེད། བློ་མཐུན་ཏེང་ཞའོ་ཕིན་གྱིས་གཏིང་ཟབ་མོའི་སྒོ་ནས་བསྟན་དོན། “གསར་བརྗེ་ནི་གྲལ་རིམ་འཐབ་རྩོད་སྤེལ་དགོས་པ་ཞིག་ཡིན་མོད། འོན་ཀྱང་གསར་བརྗེ་ནི་གྲལ་རིམ་འཐབ་རྩོད་ཁོ་ན་སྤེལ་བ་ཞིག་ཀྱང་མིན། ཐོན་སྐྱེད་ནུས་ཤུགས་ཐད་ཀྱི་གསར་བརྗེ་དེ་ཡང་གསར་བརྗེ་ཡིན་པ་དང་། ད་དུང་ཤིན་ཏུ་གལ་ཆེ་བའི་གསར་བརྗེ་རེད། ལོ་རྒྱུས་འཕེལ་རྒྱས་ཀྱི་ཐད་ནས་བཤད་ན། དེ་ནི་ཆེས་རྩ་བར་གྱུར་པའི་གསར་བརྗེ་རེད།” ཁོས་ད་དུང་བཤད་དེ། “སྒྱུར་བཅོས་ནི་ཀྲུང་གོའི་གསར་བརྗེ་ཐེངས་གཉིས་པ་ཡིན།” བློ་མཐུན་ཅང་ཙེ་རྨིན་གྱིས་བསྟན་དོན། “སྒྱུར་བཅོས་སྒོ་འབྱེད་ནི་གསར་བརྗེ་གསར་པ་ཐེངས་ཤིག་ཡིན་པ་དང་། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་ཡིན།” བློ་མཐུན་ཧུའུ་ཅིན་ཐའོ་ཡིས་བསྟན་དོན། “ང་ཚོའི་ཏང་གིས་འགོ་ཁྲིད་པའི་སྒྱུར་བཅོས་སྒོ་འབྱེད་ཀྱི་རླབས་ཆེ་བའི་གསར་བརྗེ་གསར་པ་འདིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡངས་ཤིང་རྒྱ་ཆེ་བའི་ཐོག་སྐྱོད་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལམ་བསུས་ཡོང་།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་རླབས་པོ་ཆེ་གསར་པ་སྤེལ་བ་དང་། དེ་ནི་དེང་རབས་ཀྱི་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཡིན་ལ། ང་ཚོའི་ཏང་གི་དར་ཆ་མངོན་གསལ་དོད་ཤོས་ཀྱང་རེད།” ལོ་ངོ་40ཡི་རིང་ལ། ང་ཚོའི་ཏང་གིས་གང་ལ་བརྟེན་ནས་མི་སེམས་ཡར་སྐུལ་དང་། བསམ་བློ་གཅིག་གྱུར། སྟོབས་ཤུགས་ཆིག་སྒྲིལ་བཅས་བྱས་པ་ཡིན་ནམ། གང་ལ་བརྟེན་ནས་མི་དམངས་ཡོངས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱས་སུ་བཅུག་པ་རེད་དམ། གང་ལ་བརྟེན་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་ཡོང་བར་བྱས་ཏེ་མ་རྩ་རིང་ལུགས་དང་འགྲན་རྩོད་བྱེད་པའི་ཁྲོད་གནས་བབ་ལེགས་པོ་ཟིན་དུ་བཅུག་པ་རེད་དམ། དེ་དག་གི་རྟེན་ས་ནི་སྒྱུར་བཅོས་སྒོ་འབྱེད་ཅེས་པའི་རླབས་ཆེ་བའི་གསར་བརྗེ་གསར་པ་འདི་ཉིད་ཡིན།

སྒྱུར་བཅོས་སྒོ་འབྱེད་ཀྱིས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ཞིང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་ཚུགས་མ་ཐག་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དེ་རང་གི་དར་ཆའི་སྟེང་དུ་བྲིས་ཡོད། ཡིན་ནའང་། ལོ་རྒྱུས་ཀྱི་ཉམས་མྱོང་ལས་རྟོགས་དོན། མར་ཁེ་སི་རིང་ལུགས་ལ་ཕན་ནུས་ལྡན་དགོས་ན། ངེས་པར་དུ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་དགོས་པ་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་སྐབས་སུ། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་སྟེ། མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་གནང་ཡོད། སྒྱུར་བཅོས་སྒོ་འབྱེད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་གར་སྟེགས་ཆེན་པོ་མཁོ་འདོན་གནང་ཞིང་། ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བཏོན་སོང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། དེ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། དེའི་བྱུང་བ་དང་གསར་གཏོད་དང་། དེ་ཉིད་ཏང་གི་སློབ་སྟོན་བསམ་བློ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་གཏན་འཁེལ་བྱུང་བ་ལས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གོམ་སྟབས་ཆེས་ཆེར་ཇེ་མགྱོགས་སུ་ཕྱིན་ཡོད། ལག་ལེན་གྱིས་ར་སྤྲོད་བྱས་པ་ལྟར་ན། སྒྱུར་བཅོས་སྒོ་འབྱེད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་སུ་བཏང་བ་རང་རེད། ང་ཚོའི་ཏང་གིས་སྒྱུར་བཅོས་སྒོ་འབྱེད་ཁྲོད་མར་ཁེ་སིའི་རིང་ལུགས་ཀྱི་ཡུལ་ཁམས་གསར་པ་བཏོད་ཅིང་། མར་ཁེ་སིའི་རིང་ལུགས་དེ་ཉིད་ཡང་ནས་ཡང་དུ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྐུལ་བཞིན་ཡོད།

སྒྱུར་བཅོས་སྒོ་འབྱེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ་དང་། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས་བཟུང་སྟེ། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་གསར་བརྗེ་གསར་པ་རླབས་པོ་ཆེ་སྤེལ་བ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བསམ་བློ་རྙིང་པ་དང་འདུ་ཤེས་རྙིང་པ་དང་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་རྩ་གཏོར་བྱས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཡར་ཐོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་ངར་སློང་ཆེས་ཆེར་བྱས་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཆེས་ཆེར་བཏང་ཡོད། སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་རྒྱས་སུ་ཆེས་ཆེར་བཏང་ཞིང་། མི་དམངས་ཀྱི་འཚོ་བ་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད། རང་རྒྱལ་གྱི་རྒྱལ་སྤྱིའི་གོ་བབ་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་འཁུར་སེམས་དྲག་པོར་བརྟེན་ཏེ། འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཞིང་། ལས་དོན་གལ་ཆེན་རབ་དང་རིམ་པ་སྐུལ་སྤེལ་བྱས་པས། དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་བྱས་མེད་པའི་དཀའ་གནད་ཐག་གཅོད་ཐུབ་པ་དང་། སྔོན་ཆད་སྒྲུབ་བསམ་རུང་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་འགྲུབ་སོང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་འོད་སྟོང་འབར་བའི་མདུན་ལམ་བསུས་བ་དང་། ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་། དེ་ནས་སྟོབས་ལྡན་དུ་འགྱུར་བའི་མཆོང་བརྒལ་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། ལག་ལེན་གྱིས་ར་སྤྲོད་བྱས་པ་ལྟར་ན། སྒྱུར་བཅོས་སྒོ་འབྱེད་བྱས་པས་“ཀྲུང་གོ་དངོས་གནས་འཁྲུག་པོར་གྱུར་སོང་།” སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྒུལ་ཤུགས་སྟོབས་ལྡན་དང་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་སོང་། ཀྲུང་གོ་མྱུར་དུ་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོ་ཆེས་ཆེར་སྟོབས་ཆེན་ཆགས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛམ་གླིང་ཤུགས་རྐྱེན་དང་། བློ་སེམས་འགུག་ཤུགས། ཁྲིད་སྟོན་བྱེད་ནུས་བཅས་ཇེ་ཆེར་ཆགས་སོང་།

གསུམ། རླབས་ཆེ་བའི་རྟོགས་སད་གསར་པའི་ཁྲོད་དུ། སྒྱུར་བཅོས་སྒོ་འབྱེད་ལག་བསྟར་མཐར་ཕྱིན་བྱེད་དགོས།

སྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྱི་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་གསོན་ཤུགས་ཀྱི་འབྱུང་རྩ་དང་། དེ་ནི་ཏང་དང་མི་དམངས་ཀྱིས་གོམ་སྟབས་ཆེན་པོས་དུས་རབས་མདུན་སྐྱོད་ཀྱི་གོམ་རྗེས་ཟིན་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ལྡོག་མེད་ཀྱང་རེད། འདས་པའི་ལོ་ངོ་40ཡི་རིང་ལ་རང་རྒྱལ་འཕེལ་རྒྱས་མགྱོགས་པོ་བྱུང་བའི་རྟེན་ས་ནི་སྒྱུར་བཅོས་སྒོ་འབྱེད་ཡིན་པ་དང་། འབྱུང་འགྱུར་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་པའི་དམིགས་འབེན་མངོན་འགྱུར་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་ལའང་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་དགོས་པ་རེད། སྒྱུར་བཅོས་སྒོ་འབྱེད་ལ་ད་ལྟ་བ་ལས་འདས་པ་མེད།

རྟོགས་སད་ཀྱིས་འཐབ་ལམ་འབྱེད་པ་དང་། འབད་འཐབ་ཀྱིས་མཛད་ཆེན་འགྲུབ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཏང་ཡོངས་ཀྱི་མཛུབ་སྟོན་གོ་གནས་སུ་གཏན་འཁེལ་བྱས་པ་དང་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པར་འཐབ་ཇུས་སྒྲིག་བཀོད་བྱས་ཡོད། འདི་ནི་དུས་རབས་གསར་པར་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒྱུར་བཅོས་སྒོ་འབྱེད་ལག་བསྟར་མཐར་ཕྱིན་བྱེད་པ་དང་། རླབས་ཆེ་བའི་རྟོགས་སད་གསར་པ་ཐོབ་པར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་བསམ་བློའི་མཚོན་ཆ་ཡིན།

ཏང་གིས་ལས་དོན་ཐམས་ཅད་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཁྲོད། སྒྱུར་བཅོས་སྒོ་འབྱེད་ལག་བསྟར་མཐར་ཕྱིན་བྱ་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་སྤེལ་བའི་གྲུབ་འབྲས་ཆེན་མོ་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་སྤེལ་བའི་རྒྱུན་འཛིན་ཞིག་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རེད། ཏང་སྲིད་དམག་དམངས་སློབ་དང་། ཤར་ལྷོ་ནུབ་བྱང་དབུས་ཀུན་གྱི་འགོ་ཁྲིད་བྱེད་མཁན་ནི་ཏང་ཉིད་ཡིན། རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་གྱི་བྱ་གཞག་སྐུལ་བ། རླབས་ཆེན་གྱི་ཕུགས་འདུན་འགྲུབ་པ་ལ། ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་སྔར་བས་འགྱུར་མེད་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། ཏང་གིས་ཁྱོན་ཡོངས་སྤྱི་འདོམས་བྱེད་པ་དང་། ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། ང་ཚོས་“འདུ་ཤེས་བཞི་”ལ་ཤུགས་སྣོན་རྒྱག་དགོས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། སྒོ་བཀག་མཁྲེགས་འཛིན་གྱི་ལམ་རྙིང་སྟེང་མི་བགྲོད་པ་དང་། དར་ཆ་བརྗེ་བའི་ལོག་ལམ་དུའང་མི་བགྲོད་པར། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་ཡིན།

མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པའི་ཁྲོད། སྒྱུར་བཅོས་སྒོ་འབྱེད་ལག་བསྟར་མཐར་ཕྱིན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ང་ཚོའི་ཏང་གིས་འགོ་ཁྲིད་པའི་བྱ་གཞག་ཡིན་ལ། ཀྲུང་གོའི་མི་དམངས་རང་ཉིད་ཀྱི་བྱ་གཞག་ཀྱང་ཡིན། ཏང་གི་དམིགས་ཡུལ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན། སྒྱུར་བཅོས་སྒོ་འབྱེད་ཀྱི་བྱེད་པོའང་ཡིན། སྒྱུར་བཅོས་སྒོ་འབྱེད་དང་རྒྱལ་སྲིད་སྐྱོང་བའི་ལག་ལེན་ཁྲོད། ང་ཚོས་ངེས་པར་དུ་ཡང་དག་པའི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་གསར་དུ་འདོན་པ་དང་དོན་འཁྱོལ་བྱེད་པ་བརྒྱུད་ནས་མི་དམངས་ཀྱི་འགོ་ཁྲིད་དེ་མདུན་སྐྱོད་བྱེད་མཁས་པོ་དགོས། ངེས་པར་དུ་མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་རྒྱུ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་རྒྱུ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་ཐུན་མོང་དུ་ལོངས་སུ་སྤྱོད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་ཤུགས་ཆེན་པོས་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པར་ཤུགས་འདོན་པ་དང་། མི་དམངས་ཀྱི་བདེ་སྐྱིད་གོང་དུ་སྐུལ་དགོས། འདི་ནི་དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་རྩ་བའི་འགོ་ཚུགས་ས་དང་རྐང་འབབ་ས་རེད།

“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འགྱུར་སྒོས་སྐུལ་འདེད་གཏོང་རྒྱུ་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཁྲོད། སྒྱུར་བཅོས་སྒོ་འབྱེད་ལག་བསྟར་མཐར་ཕྱིན་བྱེད་དགོས། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ནི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞིའི་ནང་དོན་གལ་ཆེན་ཞིག་ཡིན། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་མངོན་པ་དང་། “ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་གིས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གཙོ་གནད་དང་། འགག་རྩའི་ཁྱབ་ཁོངས། འབད་ཕྱོགས་གཙོ་བོ་བཅས་མཚོན་ཡོད། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་གཅིག་འགྱུར་སྒོས་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་ལ། བཀོད་པ་གཉིས་ཀྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པར་བྱེད་དགོས་ལ། སྒྱུར་བཅོས་སྒོ་འབྱེད་དེ་བཀོད་པ་གཉིས་ཀྱི་ཕྱོགས་སོ་སོ་དང་། ཁྱབ་ཁོངས་སོ་སོ། བྱ་རིམ་སོ་སོ། ལྷུ་ཚིགས་སོ་སོར་མངོན་སུམ་གྱིས་ཁྱབ་པར་བྱེད་ཅིང་། སྒྱུར་བཅོས་སྒོ་འབྱེད་དེ་ཉིད་བཀོད་པ་གཉིས་ཀྱི་སྒུལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད། སྒྱུར་བཅོས་སྒོ་འབྱེད་ལག་བསྟར་མཐར་ཕྱིན་བྱེད་དགོས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་ང་ཚོའི་ཏང་གི་འཕེལ་རྒྱས་ཀྱི་བསམ་བློའི་སྤྱི་སྡོམ་ཆེན་མོ་ཡིན་ལ། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་“ཅིའི་ཕྱིར་འཕེལ་རྒྱས་སྙེག་པ་དང་། ཇི་ལྟར་འཕེལ་རྒྱས་གཏོང་བའི་”ལོ་རྒྱུས་ཀྱི་ཉམས་མྱོང་དང་ཉམས་མྱོང་གསར་པ་ལ་ཕྱོགས་བསྡོམས་ཟབ་མོ་བྱས་པ་ཞིག་ཡིན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འདི་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་མཐར་ཕྱིན་བྱེད་པ་དང་། གསར་གཏོད་དེ་སྒུལ་ཤུགས་ཨང་དང་པོར་འཛིན་པ། མཐུན་སྦྱོར་དེ་གཞི་རྩའི་བླང་བྱར་འཛིན་པ། ལྗང་མདོག་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ། སྒོ་འབྱེད་ནི་ཐབས་ལམ་གལ་ཆེན་དུ་འཛིན་པ། མཉམ་སྤྱོད་ནི་རྩ་བའི་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་གནོད་གཞི་ཐམས་ཅད་གཙང་སེལ་མཐའ་གཅིག་ཏུ་བྱེད་ཅིང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་དོ་མི་མཉམ་པའི་འཕེལ་རྒྱས་དབར་གྱི་འགལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུ་གཞིར་བཟུང་སྟེ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་གསར་འཛུགས་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་བ་གསར་འཛུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཁྲོད། སྒྱུར་བཅོས་སྒོ་འབྱེད་ལག་བསྟར་མཐར་ཕྱིན་བྱེད་དགོས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་ནི་ང་ཚོའི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་ལ། སྒོ་འབྱེད་ཀྱིས་རང་རྒྱལ་འཕེལ་རྒྱས་ཡོང་བར་ཕན་འབྲས་དང་གསོན་ཤུགས་ཆེན་པོ་ཁྱེར་ཡོང་བ་རེད། “ཀྲུང་གོའི་སྒོ་འབྱེད་ཀྱི་རྒྱལ་སྒོ་རྒྱག་མི་སྲིད་པ་མ་ཟད། སྔར་ལས་ཇེ་ཆེར་འབྱེད་རྒྱུ་ཡིན།” ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་ཅིང་། ཕན་ཚུན་བརྩི་འཇོག་དང་། དྲང་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བྱེད་རྒྱུ་ཡིན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་པ་དང་། ནང་དུ་འདྲེན་པ་དང་ཕྱི་རུ་སྐྱོད་པ་གལ་ཆེར་མཉམ་བརྩི་བྱེད་རྒྱུ། སྐམ་མཚོ་ཕྱི་ནང་གཉིས་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་སྐྱོབ་རེས་ཀྱི་སྒོ་འབྱེད་སྒྲིག་བཀོད་ཆགས་པར་སྐུལ་འདེད་བྱེད་རྒྱུ། “རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་ཐུན་མོང་བ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་འགྲོ་བར་ལེགས་སྐྱེས་འབུལ་བ་དང་། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་དགོས།

ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མཐའ་འཁྱོངས་བྱེད་པའི་ཁྲོད། སྒྱུར་བཅོས་སྒོ་འབྱེད་ལག་མཐར་ཕྱིན་བྱེད་དགོས། ང་ཚོའི་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཡིན་པས་ན། མདུན་དུ་ལྷགས་པའི་“ཉམས་སད་ཆེན་པོ་བཞི་”ལ་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན་ལྡན་ལ། མདུན་དུ་ལྷགས་པའི་“ཉེན་ཁ་རིགས་བཞི་”ལ་རྣོ་ངར་རང་བཞིན་དང་ཚབས་ཆེན་རང་བཞིན་ལྡན་ཡོད། ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་ཨང་དང་པོར་འཇོག་ཅིང་། ཆབ་སྲིད་ལ་དང་དོད་དང་། སྒྲིག་ཁྲིམས་ལ་དང་དོད། སྒྲིག་ལམ་ལ་དང་དོད་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གསར་བརྗེའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་ཅིང་། སྔོན་ཆད་གསར་བརྗེའི་དམག་འཁྲུག་དུས་སྐབས་ཀྱི་ངར་ཤུགས་དེ་ལྟ་བུ་དང་། གསར་བརྗེའི་སྤྲོ་སེམས་དེ་ལྟ་བུ། འབད་འཐབ་སྙིང་སྟོབས་དེ་ལྟ་བུ་བཅས་རྒྱུན་འཁྱོངས་བྱས་ཏེ། གསར་བརྗེའི་ལས་དོན་མཐར་ཕྱིན་པར་བསྒྲུབ་དགོས། ནམ་ཡིན་ཡང་ཁེངས་དྲེགས་མི་བྱེད་ལ། ནམ་ཡིན་ཡང་སྒྱིད་ལུག་མི་བྱེད་ཅིང་། རང་ཉིད་གསར་བརྗེ་བྱེད་ཕོད་པ་དང་། གྲི་ཁ་ནང་ལ་བསྐོར་ཕོད་པ། རུས་འབྲད་དུག་སེལ་བྱེད་ཕོད་པ། དཔའ་བོས་རང་ལག་གཅོད་ཕོད་པ་བཅས་བྱས་ཏེ། རྐྱེན་ངན་ནང་འབྱུང་ལ་སྔོན་འགོག་བྱེད་དགོས། ངེས་པར་དུ་ཟམ་མི་ཆད་པར་རང་ཉིད་གཙང་འགྱུར་དང་། རང་ཉིད་འཐུས་ཚང་། རང་ཉིད་གསར་བཅོས། རང་ཉིད་མཐོར་འདེགས་བཅས་ཀྱི་ནུས་པ་ཇེ་ཆེར་བཏང་སྟེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་བ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས།

རྩོམ་པ་པོ། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆའི་ཞིབ་འཇུག་གླིང་གི་ཉིན་རྒྱུན་བྱ་བར་དོ་བདག་བྱེད་པའི་གླིང་གཙོ་གཞོན་པ།

རྟ་མགྲིན་སྐྱབས་ཀྱིས་བསྒྱུར།