མར་ཁེ་སི་འཁྲུངས་ནས་ལོ་ངོ་200འཁོར་བར་རྗེས་དྲན་བྱེད་པའི་ཚོགས་འདུའི་སྟེང་གི་གསུང་བཤད།

(2018ལོའི་ཟླ་5པའི་ཚེས་4ཉིན།)

ཞི་ཅིན་ཕིང་།

བློ་མཐུན་རྣམ་པ།

དེ་རིང་ང་ཚོས་དད་བཀུར་གྱི་བསམ་པ་བཅངས་ནས་གནས་འདི་རུ་གཟབ་རྒྱས་ངང་འཛོམས་ཏེ་མར་ཁེ་སི་འཁྲུངས་ནས་ལོ་ངོ་200འཁོར་བར་རྗེས་དྲན་དང་། མར་ཁེ་སི་ལགས་ཀྱི་རླབས་ཆེ་བའི་མི་གཤིས་དང་ལོ་རྒྱུས་མཛད་རྗེས་ལ་ཕྱིར་དྲན། མར་ཁེ་སི་ལགས་ཀྱི་རླབས་ཆེ་བའི་དགོངས་དོན་དང་འོད་སྟོང་ལྡན་པའི་བསམ་བློ་ལ་ཕྱིར་དྲན་བཅས་བྱེད་རྒྱུ་ཡིན།

མར་ཁེ་སི་ནི་འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་གསར་བརྗེའི་སྣེ་ཁྲིད་པ་དང་། མར་ཁེ་སི་རིང་ལུགས་གསར་སྐྲུན་བྱེད་མཁན་གཙོ་བོ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གསར་འཛུགས་བྱེད་མཁན་དང་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་གསར་སྐྲུན་བྱེད་མཁན། ཉེ་རབས་ཚུན་གྱི་རླབས་ཆེ་བའི་བསམ་བློ་བ་བཅས་ཡིན། དུས་རབས་གཉིས་འདས་ཚར་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འགྱུར་བ་གཏིང་ཟབ་ཅིང་རྒྱ་ཆེ་བ་བྱུང་ཡོད་མོད། འོན་ཀྱང་མར་ཁེ་སི་ལ་འཛམ་གླིང་ཡུལ་གྲུ་ཀུན་ན་ཡོད་པའི་སྐྱེ་བོ་ཀུན་གྱིས་གོང་བཀུར་བྱེད་བཞིན་ཡོད་པ་དང་། མར་ཁེ་སིའི་རིགས་པའི་གཞུང་ལུགས་ལ་སྔར་བཞིན་བདེན་ལུགས་ཀྱི་འོད་སྣང་འགྱེད་བཞིན་ཡོད་པ་རེད།

1818ལོའི་ཟླ་5པའི་ཚེས་5ཉིན། མར་ཁེ་སི་ཉིད་འཇར་མན་གྱི་ཐེ་ལི་ཨེར་གྲོང་ཁྱེར་གྱི་ཁྲིམས་རྩོད་པའི་དུད་ཁྱིམ་ཞིག་ཏུ་སྐུ་འཁྲུངས། སློབ་འབྲིང་གི་སྐབས་སུ་ཁོང་གིས་མིའི་རིགས་ཀྱི་བདེ་སྐྱིད་ཆེད་དུ་ལས་ཀ་བསྒྲུབ་རྒྱུའི་ཕུགས་འདུན་བཅངས་པ་དང་། སློབ་ཆེན་གྱི་སྐབས་སུ་མར་ཁེ་སི་ལགས་ཀྱིས་མཚན་ཉིད་རིག་པ་དང་། ལོ་རྒྱུས་རིག་པ། ཁྲིམས་ལུགས་རིག་པ་སོགས་ཀྱི་ཤེས་བྱ་མང་པོར་ཞིབ་འཇུག་བྱས་ནས་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསང་བ་འཚོལ་རྟོག་བྱས་པ་རེད། 《ལའེ་དབྱིན་ཚགས་པར》ཁང་དུ་ལས་ཀ་སྒྲུབ་སྐབས། མར་ཁེ་སི་ཡིས་ཕུའུ་ལུའུ་ཧྲིའི་སྒེར་གཅོད་དབང་སྒྱུར་ལ་ཡིག་ལམ་ནས་རྒོལ་རྡུང་དྲག་པོ་བཏང་སྟེ་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱས། 1843ལོར་པ་ལི་ལ་གནས་སྤར་རྗེས། མར་ཁེ་སི་ཉིད་བཟོ་པའི་ལས་འགུལ་ནང་ཧུར་ཐག་སྒོས་ཞུགས་པ་དང་། གསར་བརྗེའི་ལག་ལེན་དང་གཞུང་ལུགས་འཚོལ་ཞིབ་ཟུང་སྦྲེལ་བྱེད་པའི་ཁྲོད་དུ་སེམས་གཙོའི་རིང་ལུགས་ནས་དངོས་གཙོའི་རིང་ལུགས་དང་། གསར་བརྗེའི་དམངས་གཙོ་རིང་ལུགས་ནས་གུང་ཁྲན་རིང་ལུགས་སུ་འགྱུར་བ་ལེགས་འགྲུབ་བྱུང་ཡོད། 1845ལོར། མར་ཁེ་སི་དང་ཨེན་ཀེ་སི་གཉིས་ཀྱིས་མཉམ་སྦྲེལ་སྒོས་《འཇམ་མན་གྱི་འདུ་ཤེས་འཛིན་སྟངས》ཞེས་པ་བརྩམས་ནས། ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རྩ་བའི་རིགས་པ་ཐེངས་དང་པོར་མ་ལག་ལྡན་པའི་སྒོ་ནས་ཞིབ་རྒྱས་བཤད། 1848ལོར། མར་ཁེ་སི་དང་ཨེན་ཀེ་སི་གཉིས་ཀྱིས་མཉམ་འབྲེལ་སྒོས་《གུང་ཁྲན་ཏང་གི་བསྒྲགས་གཏམ》ཞེས་པ་སྤེལ་ཏེ་འཛམ་གླིང་ལ་གཡོ་འགུལ་ཐེབས་པར་བྱས། ཨེན་ཀེ་སི་ལགས་ཀྱིས་གསུང་རྒྱུར། 《གུང་ཁྲན་ཏང་གི་བསྒྲགས་གཏམ》ནི་“སྤྱི་ཚོགས་རིང་ལུགས་ཀྱི་ཡིག་ཆ་ཡོད་ཚད་ཁྲོད་དུ་ཁྱབ་སྤེལ་ཆེས་རྒྱ་ཆེ་ལ་རྒྱལ་སྤྱིའི་རང་བཞིན་ཆེས་ཆེ་བའི་བརྩམས་ཆོས་ཤིག་ཡིན་པ་དང་། ཞི་པོ་ལི་ཡ་ནས་ཅ་ལི་ཧྥུ་ཉི་ཡ་བར་གྱི་བཟོ་པ་ཁྲི་སྟོང་མང་པོས་ཁས་ལེན་པའི་ཐུན་མོང་གི་རྩ་འཛིན་ཡིན།”

1848ལོར། ཡོ་རོབ་གླིང་ཡོངས་ལ་ཁྱབ་པའི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོའི་གསར་བརྗེ་ལངས་པ་དང་། མར་ཁེ་སི་དེའི་ནང་ཧུར་ཐག་སྒོས་ཞུགས་པ་མ་ཟད་གསར་བརྗེའི་འཐབ་རྩོད་ལ་མཛུབ་སྟོན་བྱས། གསར་བརྗེ་ཕམ་ཁ་བྱུང་རྗེས། མར་ཁེ་སི་ཡིས་གསར་བརྗེའི་ཉམས་མྱོང་ལ་སྤྱི་སྡོམ་ཟབ་མོ་བྱས། 1867ལོར་འགྲེམས་སྤེལ་བྱས་པའི་《མ་རྩའི་རྣམ་བཤད》ནི་མར་ཁེ་སི་ལགས་ཀྱི་བརྩམས་ཆོས་ཆེས་གཏིང་ཟབ་པ་དང་ནང་ཆེས་ཕུན་སུམ་ཚོགས་པ་དེ་ཡིན་པ་དང་། དེ་ལ་“བཟོ་པ་གྲལ་རིམ་གྱི་གསུང་རབ་”ཅེས་པའི་མཚན་སྙན་ཐོབ། མར་ཁེ་སི་ལོ་ན་རྒས་དུས་སྔར་བཞིན་འཛམ་གླིང་གི་འཕེལ་ཕྱོགས་གསར་པ་དང་བཟོ་པའི་ལས་འགུལ་གྱི་གནས་ཚུལ་གསར་པར་དོ་ཁུར་ཟབ་མོ་བྱས་པ་དང་། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་ལ་མཐོང་རྒྱ་སྔར་ལས་ཆེ་བའི་ངང་ནས་བསམ་བློ་གཏོང་བར་འབད་པ་བྱས།

—མར་ཁེ་སི་ལགས་ཀྱི་མི་ཚེ་ནི་སེམས་ལ་ཕུགས་འདུན་རླབས་ཆེན་བཅངས་ཤིང་མིའི་རིགས་བཅིངས་འགྲོལ་ཆེད་དུ་འབད་འབུངས་ལྷོད་མེད་བྱས་པའི་མི་ཚེ་ཞིག་ཡིན། 1835ལོར། ལོ་ན་17སོན་པའི་མར་ཁེ་སི་ལགས་ཀྱིས་ཁོང་གི་མཐོ་འབྲིང་གི་མཐར་ཕྱིན་རྩོམ་ཡིག་《ན་གཞོན་རྣམས་ཀྱིས་ལས་རིགས་གདམ་གསེས་བྱེད་པའི་སྐབས་ཀྱི་བསམ་གཞིགས》ཞེས་པའི་ནང་དུ་འདི་ལྟར་བྲིས་ཡོད་དེ། “གལ་ཏེ་ང་ཚོས་མིའི་རིགས་ལ་ལས་ཀ་ཆེན་པོ་སྒྲུབ་ནུས་པའི་ལས་རིགས་དེ་བདམས་ན། འགན་འཁྲི་ལྕི་མོས་ང་ཚོ་མནན་མི་རུང་ལ། རྒྱུ་མཚན་ནི་ཚང་མའི་ཆེད་དུ་བློས་གཏོང་དགོས་པ་སྟེ། དེ་དུས་ང་ཚོས་ལོངས་སུ་སྤྱོད་པ་ནི་སྙིང་རྗེ་དང་། ཚད་ཡོད་པ། སྒེར་སེམས་བཅས་ཀྱི་སྤྲོ་བ་མ་ཡིན་པར། ང་ཚོའི་བདེ་སྐྱིད་ནི་མི་ཁྲི་སྟོང་མང་པོར་དབང་། ང་ཚོའི་བྱ་གཞག་དེ་འཇམ་ཐིང་ངེར་མུ་མཐུད་དུ་གནས་མོད། ཡིན་ན་ཡང་དེས་ནམ་ཡང་ནུས་པ་འདོན་སྤེལ་བྱས་ཐུབ། ང་ཚོའི་རུས་ཐལ་ལ་གདོང་གཏོད་དུས། བླ་ན་མཐོ་བའི་མི་རྣམས་ཀྱིས་མིག་ནས་མཆུ་མ་འདོན་ངེས་རེད།” མར་ཁེ་སི་ལགས་ཀྱི་མི་ཚེ་དེ་ནི་བུད་སྟོངས་ཡུལ་འཁྱར་གྱི་དཀའ་སྡུག་དང་། དབུལ་བའི་སྒང་ལ་ནད་ཀྱིས་རྡུང་བའི་མནར་གཅོད་ཀྱིས་ཁེངས་ཡོད་མོད། འོན་ཀྱང་ཁོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་དམ་བཅའ་འགྱུར་མེད་སྒོས་མིའི་རིགས་བཅིངས་འགྲོལ་གྱི་ཕུགས་འདུན་རླབས་ཆེན་ཆེད་དུ་འབད་འབུངས་ལྷོད་མེད་བྱས་ཏེ་མི་ཚེ་རླབས་ཆེན་མངོན་འགྱུར་བྱས་པ་རེད།

—མར་ཁེ་སི་ལགས་ཀྱི་མི་ཚེ་ནི། དཀའ་ཉེན་གང་ལ་ཡང་མི་འཛེམ་པར་བདེན་དོན་འཚོལ་སྙེག་བྱས་ཏེ་བསམ་བློའི་རི་རྩེར་འཛེགས་པའི་མི་ཚེ་ཞིག་ཡིན། མར་ཁེ་སི་ལགས་ཀྱིས་དེ་སྔོན་འདི་ལྟར་བྲིས་ཡོད་དེ། “ཚན་རིག་གི་བགྲོད་ལམ་སྟེང་དུ་བདེ་ཞིང་སྙོམས་པའི་ལམ་ཆེན་མེད་པར། དཀའ་ངལ་ལ་མི་འཛེམ་པར་བྲག་རི་གཡང་གཟར་གྱི་རྐང་ལམ་བརྒྱུད་ནས་རི་རྩེར་འཛེགས་མཁན་གྱི་མི་དེ། ད་གཟོད་གཟི་བརྗིད་ལྡན་པའི་རི་རྩེར་སླེབས་ཐུབ་པའི་རེ་བ་ཡོད།” མར་ཁེ་སི་ལགས་ཀྱིས་ཚན་རིག་དང་མཐུན་པའི་གཞུང་ལུགས་མ་ལག་གསར་སྐྲུན་བྱེད་པའི་ཆེད་དུ། སྐྱེ་བོ་ཕལ་པས་ཡིད་ལ་དྲན་མི་ཐུབ་པའི་དཀའ་ཁག་སེལ་མཐར། གཟི་བརྗིད་ལྡན་པའི་རི་རྩེར་སླེབས་པ་རེད། ཁོང་གིས་དཔེ་དེབ་གང་མང་བལྟས་ཤིང་བམ་ཀློག་རྒྱ་ཆེར་བྱས་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བཅས་ཀྱི་རིག་ཚན་ཁག་ལ་རྒྱུས་ལོན་དང་ཞིབ་འཇུག་གཏིང་ཟབ་བྱས་པ་མ་ཟད། རང་བྱུང་ཚན་རིག་གི་ཤེས་བྱ་སྣ་ཚོགས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། མིའི་རིགས་ཀྱིས་གསར་སྐྲུན་བྱས་པའི་ཤེས་རིག་ཡོད་ཚད་ཁྲོད་དུ་འཚོ་བཅུད་ལེན་རྒྱུར་འབད་པ་བྱས་པ་རེད། མར་ཁེ་སི་ལགས་ཀྱིས་མི་ཚེ་གང་པོར་རང་དོན་རྒྱབ་ཏུ་བསྐྱུར་ནས་ཉིན་མ་རེ་རེ་དུས་ཚོད་16ལ་ལས་ཀ་བསྒྲུབས་པ་རེད། མར་ཁེ་སི་ལགས་ཀྱིས་གྲོགས་པོར་སྤྲིངས་པའི་འཕྲིན་ཡིག་ནང་དུ་འདི་ལྟར་བྲིས་ཡོད་དེ། 《མ་རྩའི་རྣམ་བཤད》རྩོམ་པའི་ཆེད་དུ། “ངས་རྟག་པར་དུར་ས་འགྲམ་དུ་ཕར་འགྲོ་ཚུར་འོང་བྱས་པ་ཡིན། དེའི་ཕྱིར། ངས་རང་ལ་ལས་ཀ་སྒྲུབ་ནུས་ཡོད་རིང་དུ་དུས་ཚོད་སྐར་ཆ་གང་ཡོད་སྤྱད་ནས་བརྩམས་ཆོས་ལེགས་འགྲུབ་བྱས་པ་ཡིན།” ལོ་ན་རྒས་ཤིང་ནད་ཀྱིས་མནར་དུས་ཀྱང་མར་ཁེ་སི་ལགས་ཀྱིས་མུ་མཐུད་དུ་ཚན་རིག་གི་ཁྱབ་ཁོངས་དང་དམིགས་འབེན་གསར་པར་གོམ་ཁ་ཕྱོགས་ཏེ། ལོ་རྒྱུས་རིག་པ་དང་། མིའི་རིགས་རིག་པ། རྩིས་རིགས་སོགས་ཀྱི་རིག་ཚན་ཟིན་བྲིས་མང་པོ་བྲིས་པ་རེད། དེ་ལ་ཨེན་ཀེ་སི་ལགས་ཀྱིས་“མར་ཁེ་སི་ལགས་ཀྱིས་ཞིབ་འཇུག་བྱས་པའི་ཁྱབ་ཁོངས་གང་ཡིན་ཡང་། ལྷག་པར་དུ་རྩིས་རིག་ལ་ཡང་ཁྱད་དུ་འཕགས་པའི་གསར་རྙེད་ཅིག་ཡོད། འདི་འདྲའི་ཁྱབ་ཁོངས་ཧ་ཅང་མང་པོ་ཡོད་པ་དང་། དེ་དག་ནང་དུ་བརྟག་དཔྱད་གཏིང་ཟབ་མ་བྱས་པའི་ཁྱབ་ཁོངས་གཅིག་ཀྱང་མེད་”ཅེས་གསུངས་མྱོང་།

—མར་ཁེ་སི་ལགས་ཀྱི་མི་ཚེ་ནི། འཛམ་གླིང་རྙིང་པ་མགོ་རྟིང་བསློགས་ཏེ། འཛམ་གླིང་གསར་པ་འཛུགས་སྐྲུན་བྱེད་པར་འབད་འབུངས་ལྷོད་མེད་བྱས་པའི་མི་ཚེ་ཞིག་ཡིན། ཨེན་ཀེ་སིས་གསུང་རྒྱུར། “མར་ཁེ་སི་ལགས་ནི་ཐོག་མར་གསར་བརྗེ་པ་ཞིག་ཡིན།” “འཐབ་རྩོད་ནི་ཁོང་གི་ཚེ་སྲོག་གི་གྲུབ་ཆ་ཡིན་པ་དང་། ཁོ་ལྟ་བུའི་སྤྲོ་སེམས་རབ་ཏུ་འཁོལ་ཞིང་བློ་བརྟན་འགྱུར་བ་མེད་པ། ནུས་པ་མངོན་པར་གསལ་བའི་སྒོ་ནས་འཐབ་རྩོད་བྱེད་མཁན་ཧ་ཅང་ཉུང་།” མར་ཁེ་སི་ལགས་ཀྱི་མི་ཚེ་གང་པོའི་འགན་འཁྲི་ནི་མི་དམངས་བཅིངས་འགྲོལ་བྱེད་པའི་ཆེད་དུ་འབད་འབུངས་བྱེད་རྒྱུ་དེ་ཡིན། མི་དམངས་ཀྱིས་བཤུ་གཞོག་དང་བཙན་གནོན་མྱོང་བའི་ལས་དབང་བསྒྱུར་བཀོད་བྱེད་པའི་ཆེད་དུ། མར་ཁེ་སི་ལགས་ཀྱིས་གང་ལ་ཡང་མི་འཛེམ་པར་བཟོ་པའི་ལས་འགུལ་ནང་ཞུགས་ཏེ་གསར་བརྗེའི་འཐབ་རྩོད་ཀྱི་མདུན་གྲལ་དུ་ཐོག་མཐའ་བར་གསུམ་དུ་ཡར་འགྲེངས་བ་རེད། ཁོང་གིས་འགོ་ཁྲིད་བྱས་ཏེ་འཛམ་གླིང་ཐོག་གི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཐོག་མ་སྟེ—གུང་ཁྲན་རིང་ལུགས་པའི་མནའ་མཐུན་བཙུགས་ལ། འཛམ་གླིང་སྟེང་གི་རྒྱལ་སྤྱིའི་བཟོ་པའི་རྩ་འཛུགས་ཐོག་མ་སྟེ—རྒྱལ་སྤྱིའི་བཟོ་པའི་མཐུན་ཚོགས་ལ་འགོ་འཁྲི་བྱས་པ་རེད། འཛམ་གླིང་སྟེང་གི་བཟོ་པ་གྲལ་རིམ་གྱིས་ཐེངས་དང་པོར་སྲིད་དབང་རྩོད་ལེན་བྱས་པའི་གསར་བརྗེ་སྟེ—པ་ལི་ཀུང་ཧྲེའི་གསར་བརྗེ་ལ་རྒྱབ་སྐྱོར་བྱས་པ་རེད། རྒྱལ་ཁབ་སོ་སོའི་བཟོ་པའི་ལས་འགུལ་གྱི་འཕེལ་རྒྱས་ལ་སྤྲོ་སེམས་འཁོལ་བ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་སྒོ་ནས་སྐུལ་འདེད་བཏང་བ་རེད།

མར་ཁེ་སི་ནི་ས་གནོན་གནམ་ཐེག་གི་མི་བུ་རླབས་ཆེན་ཞིག་ཡིན་ལ། ཤ་དང་ཁྲག་གིས་གྲུབ་པའི་མི་བུ་ཕལ་པ་ཞིག་ཀྱང་ཡིན། ཁོ་ནི་འཚོ་བ་ལ་དགའ་ཞིང་། ཟོལ་མེད་བབ་ཆགས་དང་། བརྩེ་སེམས་ཟབ་མོ་བཅངས་མཁན་ཞིག་ཡིན། མར་ཁེ་སི་དང་ཨེན་ཀེ་སི་བར་ལ་ལོ་ངོ་40ལྷག་གི་གསར་བརྗེའི་མཛའ་བརྩེ་ཡོད། དེ་ལ་ལེ་ཉིན་གྱིས་“གནའ་མིའི་ངག་རྒྱུན་ཁྲོད་དུ་མི་སེམས་འགུལ་བའི་མཛའ་བརྩེའི་གཏམ་རྒྱུད་མང་པོ་ཡོད།” འོན་ཀྱང་མར་ཁེ་སི་དང་ཨེན་ཀེ་སི་གཉིས་ཀྱི་མཛའ་བརྩེ་ནི་“གནའ་མིས་མིའི་རིགས་ཀྱི་མཛའ་བརྩེ་སྐོར་ལ་ལབ་པའི་མི་སེམས་འགུལ་བའི་ངག་རྒྱུན་ཡོད་ཚད་ལས་བརྒལ་ཡོད་པ་རེད་”ཅེས་གསུངས་མྱོང་། མར་ཁེ་སི་ལགས་ཀྱིས་སྒེར་སེམས་ཅི་ཡང་མེད་པར་གསར་བརྗེའི་བྱ་གཞག་ལ་རོགས་སྐྱོར་བྱས་པ་དང་། རང་ཉིད་ཀྱི་འཚོ་བ་ཧ་ཅང་དཀའ་ཁག་ཆེ་དུས་ཀྱང་སྔར་བཞིན་གསར་བརྗེའི་འཐབ་གྲོགས་ལ་རོགས་པ་གང་ནུས་བྱས་པ་རེད། མར་ཁེ་སི་དང་ཆུང་མ་ཡན་ཉི་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། ཕུགས་འདུན་དང་བརྩེ་དུང་གཉིས་ལས་གྲུབ་པའི་ལས་དབང་གི་མཉམ་སྒྲོག་རོལ་མོ་བྲིས་པ་རེད།

བློ་མཐུན་རྣམ་པ།

མར་ཁེ་སི་ལགས་ཀྱིས་ང་ཚོ་ལ་བཞག་པའི་ཆེས་རིན་ཐང་ལྡན་ཞིང་ཤུགས་རྐྱེན་ཆེ་བའི་བསམ་པའི་རྒྱུ་ནོར་ནི། ཁོང་གི་མཚན་ལ་བརྟེན་ནས་བཏགས་པའི་ཚན་རིག་དང་མཐུན་པའི་གཞུང་ལུགས་ཏེ་—མར་ཁེ་སི་རིང་ལུགས་ཡིན། གཞུང་ལུགས་འདི་ནི་བརྗིད་ཉམས་ལྡན་པའི་ཞོགས་པའི་ཉི་གཞོན་དང་འདྲ་བར། མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆོས་ཉིད་འཚོལ་རྟོག་བྱེད་པ་དང་རང་ཉིད་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་བགྲོད་ལམ་གསལ་སྟོན་བྱས་པ་རེད།

མར་ཁེ་སི་ལགས་ལ་གསུང་ཚིག་གྲགས་ཅན་ཞིག་ཡོད་དེ། “མཐའ་དཔྱོད་ཀྱི་མཚོན་ཆ་ཡིས་མཚོན་ཆའི་མཐའ་དཔྱོད་ཀྱི་ཚབ་བྱེད་མི་ཐུབ་པ་དང་། དངོས་པོའི་སྟོབས་ཤུགས་དེ་དངོས་པོའི་སྟོབས་ཤུགས་ལ་བརྟེན་ནས་གཏོར་དགོས། འོན་ཀྱང་གཞུང་ལུགས་ཀྱིས་མང་ཚོགས་ཁ་ལོ་བསྒྱུར་ན་ཡང་དངོས་པོའི་སྟོབས་ཤུགས་སུ་འགྱུར་བ་རེད།” མར་ཁེ་སི་རིང་ལུགས་ནི་མཚན་ཉིད་རིག་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས་བཅས་གསུམ་གྱིས་གྲུབ་པ་རེད། གྲུབ་ཆ་འདི་གསུམ་གྱི་ཡོངས་ཁུངས་ནི་འཇར་མན་གྱི་གནའ་གཞུང་མཚན་ཉིད་རིག་པ་དང་། དབྱིན་ཇིའི་གནའ་གཞུང་ཆབ་སྲིད་དཔལ་འབྱོར་རིག་པ། ཧྥ་རན་སིའི་སྟོང་བསམ་སྤྱི་ཚོགས་རིང་ལུགས་བཅས་ཡིན། ཡིན་ན་ཡང་། མཇུག་མཐར་མར་ཁེ་སི་རིང་ལུགས་སུ་རིམ་འཕར་བྱས་པའི་རྩ་བའི་རྒྱུ་རྐྱེན་ནི། མར་ཁེ་སི་ཡིས་སྐབས་བབ་ཀྱི་དུས་རབས་དང་འཛམ་གླིང་ལ་རྟོག་ཞིབ་ཟབ་མོ་བྱས་པ་དང་། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱས་པ་དེ་ཡིན། མར་ཁེ་སི་ཡིས་གསུང་དོན། “གུང་ཁྲན་ཏང་མིའི་གཞུང་ལུགས་ཀྱི་རྩ་བའི་རིགས་པ་ནི། འཛམ་གླིང་གི་སྒྱུར་བཅོས་པ་འདི་དང་དེ་ཡིས་གསར་གཏོད་དང་གསར་རྙེད་བྱས་པའི་བསམ་བློ་དང་། རྩ་བའི་རིགས་པ་གཞི་རྩ་བྱས་པ་ཞིག་གཏན་ནས་མ་ཡིན་པར།” “རྩ་བའི་རིགས་པ་འདི་དག་ནི་ད་ཡོད་ཀྱི་གྲལ་རིམ་འཐབ་རྩོད་དང་། ང་ཚོའི་མིག་མདུན་གྱི་ལོ་རྒྱུས་ལས་འགུལ་གྱི་དངོས་ཡོད་འབྲེལ་བའི་མཚོན་སྟངས་ཕལ་པ་ཞིག་ལས་མ་འདས།”

མིའི་རིགས་ཡོངས་རྫོགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ། ད་གཟོད་ལོ་རྒྱུས་འགུལ་སྐྱོད་ཀྱི་ངོ་བོ་དང་དུས་རབས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་པོར་མཚོན་ཐུབ། མར་ཁེ་སི་ལགས་ཀྱི་ཚན་རིག་ཞིབ་འཇུག་ལ་ལེ་ཉིན་གྱིས་“མིའི་རིགས་སྤྱི་ཚོགས་ཀྱིས་གསར་སྐྲུན་བྱས་པའི་དངོས་པོ་ཡོད་ཚད་ལ་ཁོང་གིས་མཐའ་དཔྱོད་ལྡན་པའི་སྒོ་ནས་ཡང་དུ་དཔྱད་བསྡུར་བྱས་ཏེ་ཕྱོགས་གཅིག་ཀྱང་སྣང་མེད་བྱས་མེད། མིའི་རིགས་ཀྱི་བསམ་བློས་འཛུགས་སྐྲུན་བྱས་པ་ཡོད་ཚད། ཁོང་གིས་བཟོ་པའི་ལས་འགུལ་ཁྲོད་དུ་བཞག་ནས་བརྟག་བཤེར་བྱས་མྱོང་བ་དང་། ཡང་དུ་དཔྱད་བསྡུར་དང་མཐའ་དཔྱོད་བྱས་ཏེ། འབྱོར་ལྡན་གྲལ་རིམ་གྱི་གུ་དོག་རང་བཞིན་གྱིས་ཚོད་འཛིན་དང་འབྱོར་ལྡན་གྲལ་གྱི་ཕྱོགས་རིས་ཀྱིས་ཚོད་འཛིན་བྱས་ཏེ་མི་རྣམས་ཀྱི་སྤྱི་སྡོམ་བྱེད་མི་ཐུབ་པའི་སྡོམ་ཚིག་མང་པོ་ཐོབ་ཡོད་པ་རེད་”ཅེས་གསུངས་ཡོད། མར་ཁེ་སི་ལགས་ཀྱི་བསམ་བློའི་གཞུང་ལུགས་ཀྱི་འབྱུང་ཁུངས་ནི་སྐབས་དེའི་དུས་རབས་དེ་ཡིན་ཞིང་དུས་རབས་དེ་ལས་ཐོད་བརྒལ་བྱས་ཡོད་ལ། དུས་སྐབས་དེའི་བསམ་བློའི་ཉིང་ཁུ་ཡིན་ཞིང་མིའི་རིགས་ཡོངས་རྫོགས་ཀྱི་བསམ་པའི་ཉིང་ཁུ་ཡང་ཡིན།

—མར་ཁེ་སི་རིང་ལུགས་ནི་ཚན་རིག་དང་མཐུན་པའི་གཞུང་ལུགས་ཡིན་པ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་སྟོན་བྱས་ཡོད་པ་རེད། མར་ཁེ་སི་ལགས་ཀྱིས་ཚན་རིག་སྤྱི་ཚོགས་རིང་ལུགས་མ་བཏོན་གོང་ལ། སྟོང་བསམ་སྤྱི་ཚོགས་རིང་ལུགས་སྔ་མོ་ནས་ཡོད་པ་དང་། ཁོ་ཚོས་དུས་གནས་ལ་སེམས་ཁྲལ་དང་མི་དམངས་ལ་སྙིང་རྗེ་བྱེད་པའི་བརྩེ་བ་བཅངས་ནས། ཕུགས་འདུན་སྤྱི་ཚོགས་ལ་བསམ་ཚུལ་ཡག་པོ་མང་པོ་ཡོད་མོད། འོན་ཀྱང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་སྟོན་བྱས་མེད་པའི་རྐྱེན་གྱིས། ཕུགས་འདུན་མངོན་འགྱུར་བྱེད་པའི་ཐབས་ལམ་བཟང་པོ་མ་རྙེད་པ་དང་། དེ་ལ་རྐྱེན་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་འདོན་དཀའ་བ་རེད། མར་ཁེ་སི་ལགས་ཀྱིས་དངོས་གཙོ་ལོ་རྒྱུས་ལྟ་བ་དང་རིན་ཐང་ལྷག་མའི་གཞུང་ལུགས་གསར་གཏོད་བྱས་ཏེ། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིར་བཏང་ཆོས་ཉིད་གསལ་སྟོན་བྱས་པ་དང་། མ་རྩ་རིང་ལུགས་འཁོར་སྐྱོད་ཀྱི་ཆོས་ཉིད་དམིགས་བསལ་གསལ་སྟོན་བྱས་ཏེ། མིའི་རིགས་ལ་གཞན་དབང་གི་ཡུལ་ནས་རང་དབང་གི་ཡུལ་དུ་འཕུར་སྐྱོད་བྱེད་པའི་ཐབས་ལམ་བསྟན་པ་དང་། མི་དམངས་ལ་རང་དབང་མངོན་འགྱུར་དང་བཅིངས་འགྲོལ་བྱེད་པའི་བགྲོད་ལམ་བསྟན་པ་རེད།

—མར་ཁེ་སི་རིང་ལུགས་ནི་མི་དམངས་ཀྱི་གཞུང་ལུགས་ཡིན་པ་དང་། མི་དམངས་རང་ཉིད་བཅིངས་འགྲོལ་བྱེད་པའི་བསམ་བློའི་མ་ལག་ཐོག་མར་གསར་གཏོད་བྱས་པ་རེད། མར་ཁེ་སི་རིང་ལུགས་ནི་མཁྱེན་དཔྱོད་ཟབ་ཅིང་ཡངས་པ་ཞིག་ཡིན་པ་དེ་མཐར་གཏུགས་ན་སྐད་ཆ་གཅིག་གིས་བསྡུས་ཆོག་སྟེ། མིའི་རིགས་ལ་བཅིངས་འགྲོལ་བརྩོན་ལེན་བྱེད་པ་དེ་ཡིན། མར་ཁེ་སི་མ་བྱུང་སྔོན་དུ་སྤྱི་ཚོགས་སྟེང་དུ་དབང་སྒྱུར་གྱི་གོ་གནས་བཟུང་བའི་གཞུང་ལུགས་ཚང་མས་དབང་སྒྱུར་གྲལ་རིམ་ལ་ཞབས་འདེགས་ཞུ་བ་རེད། མར་ཁེ་སི་རིང་ལུགས་ནི་ཐོག་མ་ནས་མི་དམངས་ཀྱི་ལངས་ཕྱོགས་ནས་ཡར་འགྲེངས་ཏེ་མིའི་རིགས་ཀྱི་རང་དབང་དང་བཅིངས་འགྲོལ་འཚོལ་ཞིབ་བྱས་ཏེ། ཚན་རིག་དང་མཐུན་པའི་གཞུང་ལུགས་ཤིག་གིས་བཙན་གནོན་མེད་པ་དང་། བཤུ་གཞོག་མེད་པ། མི་ཚང་མ་འདྲ་མཉམ། མི་ཚང་མ་རང་དབང་ཡིན་པའི་ཕུགས་བསམ་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་པའི་ཁ་ཕྱོགས་གསལ་པོ་བསྟན་པ་རེད། མར་ཁེ་སི་རིང་ལུགས་ལ་རྒྱལ་ཁོངས་ལས་བརྒལ་བ་དང་དུས་རབས་ལས་བརྒལ་བའི་ཤུགས་རྐྱེན་ལྡན་པའི་རྒྱུ་མཚན་ནི། མི་དམངས་ཀྱི་ནང་དུ་རྩ་བ་ཚུགས་ཡོད་པ་དང་། མི་དམངས་ལ་བརྟེན་ནས་ལོ་རྒྱུས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་མི་ཡུལ་གྱི་བགྲོད་ལམ་ཡང་དག་བསྟན་པས་རྐྱེན་གྱིས་ཡིན།

—མར་ཁེ་སི་རིང་ལུགས་ནི་ལག་ལེན་གྱི་གཞུང་ལུགས་ཡིན་པ་དང་མི་དམངས་ཀྱི་འཇིག་རྟེན་ལ་བསྒྱུར་བཀོད་བྱེད་པའི་བྱ་སྤྱོད་ལ་མཛུབ་སྟོན་བྱེད་བཞིན་ཡོད་པ་རེད། མར་ཁེ་སི་ལགས་ཀྱིས་གསུང་དོན་“སྤྱི་ཚོགས་འཚོ་བ་ཡོད་ཚད་ངོ་བོའི་སྟེང་དུ་ལག་ལེན་ཡིན།” “མཚན་ཉིད་རིག་པ་རྣམས་ཀྱིས་བྱེད་ཐབས་མི་འདྲ་བ་ལ་བརྟེན་ནས་འཇིག་རྟེན་ལ་འགྲེལ་བཤད་བྱེད་བཞིན་ཡོད་ཀྱང་། གནད་དོན་ནི་འཛམ་གླིང་སྒྱུར་བཅོས་བྱེད་རྒྱུ་དེ་ཡིན།” ལག་ལེན་གྱི་ལྟ་བ་དང་འཚོ་བའི་ལྟ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་རྣམ་བཤད་ཀྱི་གཞི་རྩའི་ལྟ་བ་ཡིན་པ་དང་། ལག་ལེན་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་དེ་གཞུང་ལུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་ཞིག་ཡིན། མར་ཁེ་སི་རིང་ལུགས་ནི་དཔེ་ཁང་ནང་གི་ཤེས་ཡོན་མ་ཡིན་པར། མི་དམངས་ཀྱི་ལོ་རྒྱུས་ལས་དབང་སྒྱུར་བཅོས་བྱེད་པའི་ཆེད་དུ་གསར་སྐྲུན་བྱས་པ་ཡིན། དེ་ནི་མི་དམངས་ཀྱིས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལག་ལེན་ཁྲོད་དུ་གྲུབ་པ་དང་། མི་དམངས་ཀྱིས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལག་ལེན་ཁྲོད་དུ་གྲ་རྒྱས་དང་གོང་སྤེལ་སོང་བ་ཡིན། དེས་མི་དམངས་ཀྱིས་འཇིག་རྟེན་ཤེས་རྟོགས་དང་འཇིག་རྟེན་བསྒྱུར་བཀོད་བྱེད་པར་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་པ་རེད།

—མར་ཁེ་སི་རིང་ལུགས་ནི་འཕེལ་རྒྱས་རྒྱུན་མ་ཆད་པར་འགྲོ་ཞིང་སྒོ་འབྱེད་ཅན་གྱི་གཞུང་ལུགས་ཤིག་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་ཡར་འགྲེངས་ཡོད། མར་ཁེ་སི་ལགས་ཀྱིས་ཡང་ནས་ཡང་དུ་མི་རྣམས་ལ་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ནི་ལུང་འཛིན་ཙམ་མ་ཡིན་པར། ལག་ལེན་གྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་ལག་ལེན་གྱི་འགྱུར་བ་དང་བསྟུན་ནས་གོང་སྤེལ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་འཕེལ་རིམ་ལོ་རྒྱུས་ནི་མར་ཁེ་སི་དང་། ཨེན་ཀེ་སི། དེར་མ་ཟད་མི་རབས་རྗེས་མ་རྣམས་ཀྱིས་དུས་རབས་དང་། ལག་ལེན། ཤེས་རྟོགས་བཅས་ཀྱི་འཕེལ་རྒྱས་ལ་གཞིགས་ནས་འཕེལ་རྒྱས་བཏང་བའི་ལོ་རྒྱུས་ཡིན་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་བསམ་བློའི་རིག་གནས་གྲུབ་འབྲས་ཕུལ་བྱུང་བསྡུ་ལེན་བྱས་ཏེ་རང་ཉིད་གྲ་རྒྱས་སུ་བཏང་བའི་ལོ་རྒྱུས་ཡིན། དེའི་ཕྱིར། མར་ཁེ་སི་རིང་ལུགས་ཀྱིས་ནམ་ཡིན་ཡང་ལང་ཚོའི་གཟི་ཉམས་རྒྱུན་སྐྱོང་བྱེད་ཐུབ་པ་དང་། དུས་རབས་ཀྱི་འཕེལ་རྒྱས་ལ་མུ་མཐུད་དུ་འཚོལ་རྟོག་བྱས་ཏེ་ཞིབ་འཇུག་བྱ་ཡུལ་གསར་པ་འདོན་ཐུབ་ལ་མི་རིགས་སྤྱི་ཚོགས་ལ་འཕྲད་པའི་འགྲན་རྩོད་གསར་པར་ཁ་གཏད་འཇལ་ཐུབ་པ་རེད།

བློ་མཐུན་རྣམ་པ།

《གུང་ཁྲན་ཏང་གི་བསྒྲགས་གཏམ》ཁྱབ་སྤེལ་བྱས་པའི་ལོ་ངོ་170རིང་ལ། མར་ཁེ་སི་རིང་ལུགས་དེ་འཛམ་གླིང་སྟེང་དུ་དར་ཁྱབ་ཆེན་པོ་བྱུང་ཡོད། མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་སྟེང་དུ། མར་ཁེ་སི་རིང་ལུགས་ལྟ་བུའི་མིའི་རིགས་ལ་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ་ཐེབས་པའི་བསམ་བློའི་གཞུང་ལུགས་གཅིག་ཀྱང་མེད།

མར་ཁེ་སི་སྐུ་དངོས་ཀྱི་འགོ་ཁྲིད་འོག་དང་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་འོག་ཏུ། “རྒྱལ་སྤྱི་དང་པོ་”སོགས་ཀྱི་རྒྱལ་སྤྱིའི་བཟོ་པའི་རྩ་འཛུགས་རྒྱུན་མ་ཆད་པར་གསར་འཛུགས་དང་འཕེལ་རྒྱས་བྱུང་བ་དང་། དུས་སྐབས་མི་འདྲ་བའི་རྒྱལ་སྤྱིའི་བཟོ་པའི་ལས་འགུལ་གྱི་མཉམ་འབྲེལ་དང་འཐབ་རྩོད་ལ་མཛུབ་སྟོན་དང་སྐུལ་འདེད་བྱས་པ་རེད། མར་ཁེ་སི་རིང་ལུགས་ཀྱི་ཤུགས་རྐྱེན་འོག་ཏུ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དེ་འཛམ་གླིང་ཡོངས་སུ་ཆར་རྗེས་ཀྱི་དཔྱིད་ཀའི་སྨྱུག་གསར་ནང་བཞིན་འཛུགས་སྐྲུན་དང་འཕེལ་རྒྱས་བྱུང་སྟེ། མི་དམངས་ཐེངས་དང་པོར་སོ་སོའི་ལས་དབང་གི་བདག་པོར་གྱུར་པ་དང་། རང་ཉིད་བཅིངས་འགྲོལ་དང་མི་རིགས་ཡོངས་རྫོགས་བཅིངས་འགྲོལ་བྱེད་པའི་རྩ་བའི་ཆབ་སྲིད་སྟོབས་ཤུགས་སུ་གྱུར་པ་རེད།

ལེ་ཉིན་གྱིས་འགོ་ཁྲིད་བྱས་པའི་ཟླ་བཅུ་པའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་རྗེས་སྤྱི་ཚོགས་རིང་ལུགས་དེ་གཞུང་ལུགས་ནས་དངོས་ཡོད་དུ་གྱུར་ཏེ། མ་རྩ་རིང་ལུགས་ཀྱིས་གནམ་འོག་དབང་སྒྱུར་བྱེད་པའི་འཛམ་གླིང་གི་བཀོད་པ་གཏོར་བ་རེད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་རྫོགས་རྗེས། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་མང་པོ་བྱུང་བ་དང་། ལྷག་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པས། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་ཧ་ཅང་ཆེ་རུ་བཏང་བ་རེད། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཁྲོད་དུ་དཀྱོག་མཚམས་བྱུང་མོད། འོན་ཀྱང་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་ལ་འབྱུང་ཡང་མི་སྲིད་པ་རེད།

མར་ཁེ་སི་དང་ཨེན་ཀེ་སི་གཉིས་ཀྱིས་བཙན་གནོན་མྱོང་བའི་མི་རིགས་དང་མི་དམངས་ཀྱི་བཅིངས་འགྲོལ་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་རེད། དུས་རབས་20ནང་སླེབས་རྗེས། ལེ་ཉིན་འཐུས་ཚབ་ཏུ་གྱུར་པའི་མར་ཁེ་སི་རིང་ལུགས་པ་རྣམས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་རྒྱུན་འཛིན་དང་གོང་སྤེལ་བཏང་སྟེ། མི་སེལ་སྤེལ་ཡུལ་དང་མི་སྤེལ་ཡུལ་ཕྱེད་ཙམ་གྱི་རྒྱལ་ཁབ་ཀྱི་མི་རིགས་བཅིངས་འགྲོལ་ལས་འགུལ་ལ་མཛུབ་སྟོན་དང་རྒྱབ་སྐྱོར་བྱས་པ་རེད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་རྫོགས་རྗེས། རང་བཙན་དང་བཅིངས་འགྲོལ་བྱས་པའི་མི་རིགས་རྒྱལ་ཁབ་མང་པོ་བྱུང་སྟེ། བཙན་རྒྱལ་རིང་ལུགས་ཀྱི་མི་སེར་མ་ལག་རྩ་བ་ནས་གཏོར་བ་དང་། འཛམ་གླིང་སྟེང་གི་མི་རིགས་སོ་སོ་འདྲ་མཉམ་སྒོས་འབྲེལ་འདྲིས་དང་ཐུན་མོང་འཕེལ་རྒྱས་འགྲོ་ཐུབ་པའི་མདུན་ལྗོངས་འོད་སྣང་ཅན་བསུས་ཡོང་བ་རེད།

དེ་རིང་། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ལ་སྐུལ་སྤེལ་ཆེན་པོ་བཏང་ཞིང་། དུས་ད་ལྟའི་བར་དུ་རྒྱལ་སྤྱིའི་ཐོག་ཏུ་ཤུགས་རྐྱེན་ཆེ་བའི་བསམ་བློའི་མ་ལག་དང་སྐད་ཆའི་མ་ལག་ཡིན་ལ། མར་ཁེ་སི་ལགས་ནི་སྔར་བཞིན་ཚང་མས་ཁས་ལེན་བྱེད་པའི་“ལོ་ངོ་སྟོང་གི་བསམ་བློ་བ་ཐོག་མ་”ཡིན།

བློ་མཐུན་རྣམ་པ།

མར་ཁེ་སི་རིང་ལུགས་ཀྱིས་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་བཏང་བ་མ་ཟད། ཀྲུང་གོ་ལ་ཡང་འགྱུར་ལྡོག་གཏིང་ཟབ་བཏང་བ་རེད། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་གསར་སྐྲུན་བྱས་ཏེ། མིའི་རིགས་རིག་གནས་འཕེལ་རྒྱས་འགྲོ་བར་བྱས་རྗེས་ཆེན་པོ་བཞག་པ་རེད། 1840ལོའི་ཉལ་ཐ་དམག་འཁྲུག་རྗེས་སུ། ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་གྲུ་གཟིངས་དང་མེ་སྒྱོགས་ལ་བརྟེན་ནས་ཀྲུང་གོའི་སྒོ་ཆེན་གདུག་རྩུབ་ཆེ་བའི་སྒོ་ནས་བཙན་གྱིས་ཕྱེ་ནས། ཀྲུང་ཧྭ་མི་རིགས་དེ་ནང་རྩོད་ཕྱི་འཁྲུག་གི་དཀའ་སྡུག་ནང་བསྐྱལ་བ་རེད།

མར་ཁེ་སི་ལགས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་གདུག་རྩུབ་ཆེ་བའི་བཙན་གནོན་དང་ཀྲུང་གོ་མི་དམངས་ཀྱི་དཀའ་སྡུག་ལ་དོ་ཁུར་ཆེན་པོ་བྱས་ཡོད་དེ། ཉལ་ཐ་དམག་འཁྲུག་ཐེངས་གཉིས་པའི་སྐབས་སུ། མར་ཁེ་སི་ལགས་ཀྱིས་ཀྲུང་གོ་དང་འབྲེལ་བའི་གསར་འགྱུར་བཅུ་ལྷག་བྲིས་ཏེ། འཛམ་གླིང་ལ་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོ་བཙན་གནོན་བྱེད་པའི་དངོས་ཡོད་གནས་ཚུལ་ཐེར་འདོན་བྱས་ཏེ་ཀྲུང་གོ་མི་དམངས་ལ་བདེན་དོན་སྤེལ་རོགས་བྱས་པ་རེད། མར་ཁེ་སི་དང་ཨེན་ཀེ་སི་ཡིས་ཀྲུང་ཧྭའི་རིག་གནས་ཀྱིས་མིའི་རིགས་ཀྱི་རིག་གནས་མདུན་དུ་བསྐྱོད་པ་ལ་བཞག་པའི་མཛད་རྗེས་ལ་གདེང་འཇོག་མཐོན་པོ་བྱས་ཡོད་པ་དང་། “ཀྲུང་གོའི་སྤྱི་ཚོགས་རིང་ལུགས་”འབྱུང་རྒྱུར་ཚན་རིག་དང་མཐུན་པའི་སྔོན་དཔག་བྱས་པ་མ་ཟད། ཁོ་ཚོའི་སེམས་ཁོང་གི་ཀྲུང་གོ་གསར་པ་ལ་—“ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་”ཅེས་པའི་མིང་བཏགས་པ་རེད།

ཉེ་རབས་ནས་བཟུང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་དང་རྒྱལ་ཁབ་སྟོབས་ལྡན་དང་མི་དམངས་བདེ་སྐྱིད་མངོན་འགྱུར་བྱེད་རྒྱུ་དེ་ཀྲུང་གོ་མི་དམངས་ཀྱི་ལོ་རྒྱུས་འགན་འཁྲི་རུ་གྱུར་ཡོད། རྣམ་རྙིང་ཅན་གྱི་ཞིང་པའི་འཐབ་རྩོད་ལམ་སྣེ་རུ་ཐོན་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་གཞི་རྩར་རག་མི་ཐུབ་པའི་རང་སྟོབས་འཕེལ་བའི་ལས་འགུལ་དང་ལེགས་བཅོས་རིང་ལུགས་ལ་ཐེངས་མང་དུ་ཕམ་ཁ་བྱུང་བ། འབྱོར་ལྡན་གྲལ་རིམ་གསར་བརྗེ་ཚོགས་པས་འགོ་ཁྲིད་བྱས་པའི་གསར་བརྗེ་དང་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་བྱེད་ཕྱོགས་གཞན་པ་འགའ་ལ་ཕམ་ཁ་བྱུང་བའི་གནས་ཚུལ་འོག་ཏུ། ཟླ་བཅུ་གསར་བརྗེའི་སྒྱོགས་སྒྲས་ཀྲུང་གོ་ལ་མར་ཁེ་སི་ལེ་ཉིན་རིང་ལུགས་བསྐྱལ་ཡོང་སྟེ། རྒྱལ་ཁབ་སྐྱོབ་པར་དཀའ་ངལ་ཁྱད་དུ་བསད་ནས་ཐབས་ལམ་འཚོལ་བའི་ཀྲུང་གོ་མི་དམངས་ལ་མདུན་བསྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་གདམ་གསེས་གསར་པ་མཁོ་འདོན་བྱས་པ་རེད།

ལོ་རྒྱུས་ཀྱི་མཐོ་རླབས་འདིའི་ཁྲོད་དུ། མར་ཁེ་སི་རིང་ལུགས་ཀྱིས་མཛུབ་སྟོན་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་ཆེན་མོ་ཕྲག་ཏུ་བླངས་པ། ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་དེ་མི་ཡུལ་གྱི་ངོ་མཚར་བསྐྲུན་ངེས་ཡིན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་སྟེ་—ཀྲུང་གོ་གུང་ཁྲན་ཏང་ཉིད་དུས་བབ་དང་བསྟུན་ནས་བྱུང་བ་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་དངོས་ཡོད་དང་ཟུང་སྦྲེལ་བྱས་ཤིང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཡུན་རིང་འབད་འབུངས་བྱས་མཐར། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་གྲུབ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་འཛུགས་སྐྲུན་བྱས་ལ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དཀའ་སྤྱད་འཚོལ་ཞིབ་སྤེལ་བ་མ་ཟད། ཀྲུང་ཧྭ་མི་རིགས་དེ་ཨེ་ཤ་ཡ་ཤར་མའི་ནད་རོ་ནས་ཡར་འགྲེངས་བའི་འཕུར་སྐྱོད་རླབས་ཆེན་མངོན་འགྱུར་བྱུང་བ་རེད། འཕུར་སྐྱོད་རླབས་ཆེན་འདི་ལས་ངར་ལྕགས་ལྟ་བུའི་དོན་དངོས་གྱིས་ར་སྤྲོད་བྱས་དོན། སྤྱི་ཚོགས་རིང་ལུགས་ཀྱིས་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་པ་རེད།

སྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་སྦྲེལ་བྱས་ཤིང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་རླབས་ཆེན་གསར་པ་སྤེལ་ནས། ཀྲུང་གོ་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཆོད་དུ་བཅུག་པ་དང་། ཀྲུང་ཧྭ་མི་རིགས་ཡར་འགྲེངས་པ་ནས་ཕྱུག་པོ་ཆགས་པའི་འཕུར་སྐྱོད་རླབས་ཆེན་མངོན་འགྱུར་བྱུང་བ་རེད། འཕུར་སྐྱོད་རླབས་ཆེན་འདི་ལས་ངར་ལྕགས་ལྟ་བུའི་བདེན་དོན་གྱིས་ར་སྤྲོད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་ད་གཟོད་ཀྲུང་གོ་འཕེལ་རྒྱས་གཏོང་ཐུབ་པ་རེད།

དུས་རབས་གསར་པའི་ནང་དུ། ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་དུས་རབས་གསར་པའི་ཀྲུང་གོའི་དངོས་ཡོད་གནས་ཚུལ་དང་ཟུང་སྦྲེལ་བྱས་ཤིང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འཐབ་རྩོད་རླབས་ཆེན་བྱེད་པ་དང་། བཟོ་སྐྲུན་རླབས་ཆེན་འཛུགས་སྐྲུན། བྱ་གཞག་རླབས་ཆེན་ལ་སྐུལ་སྤེལ། ཕུགས་འདུན་རླབས་ཆེན་མངོན་འགྱུར་བཅས་བྱས་པ་དང་། ཏང་དང་རྒྱལ་ཁབ་བྱ་གཞག་ལ་ཕྱོགས་ཡོངས་དང་གསར་སྐྲུན་རང་བཞིན་གྱི་ལོ་རྒྱུས་གྲུབ་འབྲས་ཐོབ་པ་དང་རིམ་པ་གཏིང་ཟབ་ཅིང་རྩ་བའི་རང་བཞིན་གྱི་ལོ་རྒྱུས་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཕྱུག་པོ་ནས་སྟོབས་ལྡན་ཆགས་པའི་འཕུར་སྐྱོད་རླབས་ཆེན་མངོན་འགྱུར་བྱུང་བ་རེད། འཕུར་སྐྱོད་རླབས་ཆེན་འདི་ལས་ངར་ལྕགས་ལྟ་བུའི་བདེན་དོན་གྱིས་ར་སྤྲོད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བཏང་ན་ད་གཟོད་ཀྲུང་ཧྭ་མི་རིགས་རླབས་ཆེ་བའི་བསྐྱར་དར་མངོན་འགྱུར་བྱེད་ཐུབ།

ལག་ལེན་ལས་བདེན་དཔང་བྱུང་དོན། མར་ཁེ་སི་རིང་ལུགས་ཀྱི་ལས་བསྐལ་ནི་སྔ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལས་བསྐལ་དང་ཀྲུང་གོའི་མི་དམངས་ཀྱི་ལས་བསྐལ། ཀྲུང་ཧྭ་མི་རིགས་ཀྱི་ལས་བསྐལ་དང་ཚགས་དམ་པོའི་སྒོ་ནས་ཟུང་འབྲེལ་བྱས་ཡོད། དེའི་ཚན་རིག་རང་བཞིན་དང་བདེན་དངོས་རང་བཞིན་ལ་ཀྲུང་གོ་རུ་ཞིབ་བཤེར་ལེགས་པོ་ཐོབ་ཡོད། དེའི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་ལ་ཀྲུང་གོ་རུ་ལག་བསྟར་གང་ལེགས་ཐོབ་ཡོད། དེའི་སྒོ་འབྱེད་རང་བཞིན་དང་དུས་རབས་རང་བཞིན་ལ་ཀྲུང་གོ་རུ་མངོན་གསལ་གང་ལེགས་ཐོབ་ཡོད།

ལག་ལེན་ལས་བདེན་དཔང་བྱུང་དོན། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་སྟོབས་ཆེ་བའི་བསམ་བློ་དྲག་ཆས་སྤྲས་ཏེ་ཀྲུང་གོ་འདི་ཉིད་ལོ་རྒྱུས་ཡུན་རིང་ལྡན་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་ཡོད་མ་མྱོང་བའི་འཕེལ་རྒྱས་ཀྱི་ངོ་མཚན་བསྐྲུན་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་མར་ཁེ་སི་རིང་ལུགས་འདི་གདམ་ཀ་རྒྱག་པ་ནི་རྦད་དེ་ཡང་དག་པ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཉིད་རང་གི་དར་ཆའི་སྟེང་བྲིས་པ་ནི་རྦད་དེ་ཡང་དག་པ་ཞིག་རེད། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དངོས་ཡོད་དང་ཕན་ཚུན་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྲུང་གོ་ཅན་དང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་ནི་རྦད་དེ་ཡང་དག་པ་ཞིག་རེད།

མར་ཁེ་སི་ལ་སེམས་གསོ་ཞུ་ཆོག་པ་ཞིག་ནི། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོ་ལ་མཛུབ་སྟོན་བྱས་ནས་བདེ་བླག་ངང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བདེ་བགྲོད་ལམ་ཆེན་དུ་བསྐྱོད་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་མི་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རྣམ་པར་དག་པའི་དད་མོས་ཅན་དང་འགྱུར་མེད་ཀྱི་ལག་ལེན་མཁན་ཡིན་པའི་ཆ་ནས། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆེད་དུ་འབད་འབུངས་བྱེད་བཞིན་ཡོད།

བློ་མཐུན་རྣམ་པ་ཚོ།

ཨེན་ཀེ་སི་ལགས་ཀྱིས་“མི་རིགས་ཤིག་ཚན་རིག་གི་ཆེས་མཐོ་སར་ལངས་དགོས་ན། སྐད་ཅིག་ཙམ་ལ་ཡང་གཞུང་ལུགས་ཀྱི་བསམ་གཞིག་མེད་མི་རུང་།”ཞེས་གསུང་མྱོང་བ་ལྟར། ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་དགོས་ན། དེ་དང་འདྲ་བར་དུས་སྐད་ཅིག་ཙམ་ལ་ཡང་གཞུང་ལུགས་ཀྱི་བསམ་གཞིག་མེད་མི་རུང་། མར་ཁེ་སི་རིང་ལུགས་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་བསམ་བློ་ཡིན་ལ། ང་ཚོས་འཇིག་རྟེན་ངོས་འཛིན་དང་ཆོས་ཉིད་ཁོང་ཆུད། བདེན་དོན་རེ་སྙེག འཇིག་རྟེན་སྒྱུར་བཅོས་བྱེད་པའི་སྟོབས་ཆེའི་བསམ་བློ་དྲག་ཆས་ཡིན། མར་ཁེ་སི་རིང་ལུགས་ཀྱི་བསམ་བློ་གཞུང་ལུགས་ནི་གཏིང་ཟབ་ལ་རྒྱ་ཆེ་ཞིང་། རྟག་པར་སྦྱོང་ལ་རྟག་པར་གསར། དུས་རབས་གསར་པའི་ནང་། ཀྲུང་གོའི་གུང་ཁྲན་ཏང་མིས་སྔར་བཞིན་མར་ཁེ་སི་ལ་སློབ་སྦྱོང་དང་། མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མུ་མཐུད་དུ་དེའི་ནང་ནས་ཚན་རིག་གི་བློ་གྲོས་དང་གཞུང་ལུགས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས། གཅིག་འགྱུར་སྒོས་“གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་ལ་སྐུལ་འདེད་གཏོང་བ་དང་། མཐུན་འགྲིག་ངང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། སྔར་བས་གཏན་ཤུགས་ལྡན་པ་དང་སྔར་བས་ཡིད་ཆེས་ལྡན་པ། སྔར་བས་བློ་གྲོས་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་གྲུ་གཟིངས་ཆེན་མོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རྦ་རླབས་གཏོར་ནས་མདུན་བསྐྱོད་བྱེད་པར་ཁག་ཐེག་བྱེད་དགོས།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། མར་ཁེ་སི་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་མིའི་རིགས་ཆེས་མཐའ་མཇུག་གུང་ཁྲན་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་པའི་ལྡོག་མེད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མར་ཁེ་སི་དང་ཨེན་ཀེ་སི་ལ་ཡིད་ཆེས་བརྟན་པོ་ཡོད་པ་སྟེ། མ་འོངས་པའི་སྤྱི་ཚོགས་ནི་“འདི་ལྟ་བུའི་མཉམ་འབྲེལ་ཚོགས་པ་ཞིག་ཡིན། དེ་དུས། མི་རེ་རེའི་རང་མོས་འཕེལ་རྒྱས་ནི་མི་ཡོད་ཚད་ཀྱི་རང་མོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡིན། འབྱོར་མེད་པས་གསར་བརྗེ་འདིའི་ཁྲོད་དོར་བ་ནི་ལྕགས་ཐག་ཁོ་ན་ཡིན། ཁོ་ཚོར་ཐོབ་པ་ནི་འཛམ་གླིང་ཡོངས་ཡིན།”མར་ཁེ་སིར་ལོ་རྒྱུས་ཀྱི་རླབས་རྒྱུན་མདུན་དུ་བསྐྱོད་པའི་ཡིད་ཆེས་བརྟན་པོ་ཡོད་པ་དང་། མི་དམངས་རང་ཉིད་ཀྱི་བདག་པོར་གྱུར་པ་དང་། སྤྱི་ཚོགས་ཀྱི་བདག་པོར་གྱུར་པ། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདག་པོར་གྱུར་པ་བཅས་ཡིན་ན། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ནི་ངེས་པར་དུ་མུ་མཐུད་ནས་ད་ཡོད་ཀྱི་གནས་ཚུལ་འགྱུར་ལྡོག་འགྲོ་བའི་དངོས་ཡོད་ལས་འགུལ་ཁྲོད་གོམ་པ་རེ་རེ་བཞིན་དུ་མངོན་འགྱུར་འབྱུང་ངེས། མར་ཁེ་སི་རིང་ལུགས་ཀྱིས་གུང་ཁྲན་ཏང་མིའི་འགྱུར་བ་མེད་པའི་ཕུགས་བསམ་འདུ་ཤེས་ཀྱི་གཞུང་ལུགས་རྨང་གཞི་བཏིང་ཡོད། ང་ཚོས་ཕྱོགས་ཡོངས་ནས་རྩོད་སྒྲུབ་ཀྱི་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་ཁོང་ཆུད་བྱེད་དགོས་པ་དང་། གཏིང་ཟབ་མོའི་སྒོ་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པ་ནི་དུས་རིམ་རང་བཞིན་གྱི་དམིགས་ཡུལ་རེ་རེ་བཞིན་ལེགས་འགྲུབ་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་ངོས་འཛིན་བྱེད་པ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་གི་ཕུགས་བསམ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་དང་ཟུང་འབྲེལ་བྱས་ཐོག ང་ཚོས་ད་ལྟ་སྒྲུབ་བཞིན་པའི་དོན་དག་དང་ཟུང་འབྲེལ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་ཇེ་བརྟན་དུ་བཏང་སྟེ། གུང་ཁྲན་ཏང་མིའི་ཕུགས་བསམ་འདུ་ཤེས་བརྟན་སྲུང་བྱེད་ལ། མར་ཁེ་སི་དང་འདྲ་བར། གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་མི་ཚེ་ཧྲིལ་པོར་འབད་འཐབ་བྱེད་དགོས།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པའི་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། མི་དམངས་ཀྱི་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་ཆེས་མངོན་གསལ་གྱི་གཤིས་རྒྱུད་གཅིག་ཡིན། མར་ཁེ་སི་ཡིས་ལོ་རྒྱུས་ཀྱི་ལས་འགུལ་ནི་མང་ཚོགས་ཀྱི་ལས་འགུལ་ཡིན་ཞེས་གསུང་མྱོང་། མི་དམངས་ལ་བཅིངས་འགྲོལ་ཐོབ་པ་ནི་མར་ཁེ་སིའི་ཚེ་གང་པོའི་རེ་སྙེག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་དེ་རྩ་བའི་ལངས་ཕྱོགས་སུ་འཛིན་པ་དང་། མི་དམངས་ཀྱི་དོན་དུ་བདེ་སྐྱིད་བསྐྲུན་རྒྱུ་ནི་རྩ་བའི་འགན་འཁྲི་རུ་བཟུང་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་རྒྱུན་འཁྱོངས་དང་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་གཙོ་བོའི་གོ་གནས་དང་ཐོག་མར་གསར་གཏོད་བྱེད་པའི་སྙིང་སྟོབས་ལ་བརྩི་བཀུར་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། མི་མང་པོའི་སྟོབས་ཤུགས་གོང་བུར་གཅིག་ཏུ་འདྲིལ་ཏེ། མི་དམངས་ལ་མཐུན་སྒྲིལ་དང་འགོ་ཁྲིད་དེ་ཐུན་མོང་དུ་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་བསྐྲུན་དགོས། འདི་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་དགོས་ངེས་ཀྱི་གདམ་ཀ་ཡིན་ལ། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་པའི་རང་མོས་ཀྱི་འགན་འཁུར་ཡིན།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱིས། དངོས་པོ་ཐོན་སྐྱེད་ནུས་ཤུགས་ནི་སྤྱི་ཚོགས་འཚོ་བ་ཡོངས་ཀྱི་དངོས་པོའི་སྔོན་འགྲོ་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ངེས་ཅན་ཞིག་དང་ཕན་ཚུན་འཕྲོད་པའི་ཐོན་སྐྱེད་འབྲེལ་བའི་སྤྱི་སྡོམ་ལས་གྲུབ་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རྨང་གཞི་ཡིན་པར་འདོད། ཐོན་སྐྱེད་ནུས་ཤུགས་ནི་སྤྱི་ཚོགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཆེས་གསོན་ཤུགས་ལྡན་པ་དང་ཆེས་གསར་བརྗེའི་རྒྱུ་ཆ་ཞིག་ཡིན། མི་དམངས་སླེབས་ཡོད་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་སྤྱི་སྡོམ་ལས་སྤྱི་ཚོགས་ཀྱི་གནས་ཚུལ་གཏན་འཁེལ་བྱས། ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བ། དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པ་ཕན་ཚུན་ནུས་འདོན་དང་ཕན་ཚུན་བཀག་སྡོམ་བྱས་པས། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་བརྒྱུད་རིམ་གཏན་འཁེལ་བྱས་པ་རེད། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་མིས་ཤུགས་མཐུད་ནས་འཚོལ་ཞིབ་དང་ཤུགས་བཏོན་ནས་ཐག་གཅོད་གཏོང་བའི་གལ་ཆེ་བའི་གནད་དོན་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ཁྱད་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ལོ་ངོ་70མི་ལོན་པའི་དུས་ཚོད་ནང་། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། ནུབ་ཕྱོགས་པས་ལོ་ངོ་བརྒྱ་ཕྲག་ལ་འགྲོ་དགོས་པའི་འཕེལ་རྒྱས་བརྒྱུད་རིམ་འགྲོ་ཚར་བས། ང་ཚོ་མགྱོགས་མྱུར་དུ་འཛམ་གླིང་གི་དཔལ་འབྱོར་གདོས་བཅས་ཨང་གཉིས་པར་སླེབས་པ་སྐུལ་འདེད་བཏང་ཡོད། ང་ཚོས་སྤོབས་པ་ཆེན་པོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཇེ་ཟབ་སྤེལ་བ་དང་། རང་རྟོགས་སྒོས་ཐོན་སྐྱེད་འབྲེལ་བ་སྙོམས་སྒྲིག་བྱས་པ་བརྒྱུད་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་འཕེལ་རྒྱས་ནུས་ཤུགས་ལ་སྐུལ་སློང་གཏོང་བ་དང་། རང་རྟོགས་སྒོས་སྟེང་གི་བཀོད་པས་དཔལ་འབྱོར་རྨང་གཞི་དང་འཕྲོད་པའི་འཕེལ་རྒྱས་བླང་བྱ་ལེགས་སུ་གཏོང་བ་བརྒྱུད་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་བས་ཆོས་ཉིད་དང་མཐུན་པའི་སྒོ་ནས་མདུན་དུ་འཕེལ་རྒྱས་སུ་གཏོང་དགོས།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མི་དམངས་དམངས་གཙོའི་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། མར་ཁེ་སི་དང་ཨེན་ཀེ་སི་ཡིས་བསྟན་དོན། “འབྱོར་མེད་གྲལ་རིམ་གྱི་ལས་འགུལ་ནི་མི་མང་ཆེ་ཤོས་ཀྱི་ཡིན་པ་དང་། མི་མང་ཆེ་ཤོས་ལ་ཁེ་ཕན་བསྐྲུན་པའི་སྒེར་ཚུགས་ཀྱི་ལས་འགུལ་ཡིན།” “བཟོ་པ་གྲལ་རིམ་ལ་དབང་སྒྱུར་དབང་ཆ་ཐོབ་ཚེ། མུ་མཐུད་ནས་རྒྱལ་ཁབ་ཀྱི་འཕྲུལ་ཆ་རྙིང་པ་བཀོལ་ནས་དོ་དམ་བྱེད་མི་རུང་ལ། ”ངེས་པར་དུ་“དོན་དམ་པའི་དམངས་གཙོའི་རྒྱལ་ཁབ་སྲིད་དབང་གསར་པས་ཚབ་བྱེད་དགོས།” རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་ཚོགས་ཀྱི་བདག་པོ་ནས་སྤྱི་ཚོགས་ཀྱི་གཡོག་པོར་གྱུར་ནས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཚགས་དམ་པོའི་གཅིག་འགྱུར་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་བ། མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། སྔར་བས་ཏན་ཏིག་དང་སྔར་བས་ནུས་ལྡན་གྱི་སྒོ་ནས་མི་དམངས་དམངས་གཙོ་ལག་ལེན་བསྟར་དགོས།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་་བསྟར་བྱེད་དགོས། མར་ཁེ་སི་ཡིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བའི་ཁྲོད། མི་རྣམས་ཀྱིས་བསམ་བློ་དང་རིག་གནས་མི་འདྲ་བ་ཐོན་སྐྱེད་བྱས་ལ། བསམ་བློ་རིག་གནས་འཛུགས་སྐྲུན་ནི་དཔལ་འབྱོར་འཛུགས་སྐྲུན་ལས་གཏན་འཁེལ་བྱས་མོད། ཡིན་ན་ཡང་དཔལ་འབྱོར་རྨང་གཞི་ལ་ནུས་པ་ལྡོག་ཕྱོགས་ཐོན་ཐུབ་པ་རེད། སྔོན་ཐོན་གྱི་བསམ་བློ་རིག་གནས་ལ་མང་ཚོགས་ཀྱིས་རྒྱུས་ལོན་བྱས་ཚེ། སྟོབས་ཆེ་བའི་དངོས་པོའི་སྟོབས་ཤུགས་སུ་འགྱུར་རྒྱུ་རེད། དེ་ལས་ལྡོག་ནས། རྗེས་ལུས་དང་ནོར་འཁྲུལ་གྱི་ལྟ་བ་གལ་ཏེ་མེད་པར་མི་གཏོང་ན་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་བཀག་སྡོམ་བྱེད་པ་རེད། གཞུང་ལུགས་རང་མོས་དང་རིག་གནས་ཡིད་ཆེས་ནི་མི་རིགས་ཡར་ཐོན་གྱི་སྟོབས་ཤུགས་ཤིག་ཡིན། རིན་ཐང་སྔོན་ཐོན་དང་བསམ་བློ་བཅིངས་འགྲོལ་ནི་སྤྱི་ཚོགས་གསོན་ཤུགས་ཀྱི་འབྱུང་ཁུངས་ཡིན། རྒྱལ་ཁབ་ཀྱི་བླ་སྲོག་ནི་རིག་གནས་ཀྱིས་བསྒྱུར་བ་དང་རིག་གནས་ཀྱིས་བསྐྲུན་པ་རེད། ང་ཚོས་ཀྲུང་གོའི་དངོས་ཡོད་སྟེང་གཞི་ཚུགས་ནས། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་མ་འོངས་པར་ཁ་ཕྱོགས་པ། འཛམ་གླིང་ལ་ཁ་ཕྱོགས་དགོས་པ་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མཛུབ་སྟོན་གོ་གནས་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་ལྟ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་ནང་བསྡུ་ལེན་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་སྐྲུན་ཅན་དུ་བསྒྱུར་བ་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་སུ་སྐུལ་འདེད་བཏང་ཐོག མུ་མཐུད་དུ་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་མཐོར་འདེགས་བཏང་ནས་མུ་མཐུད་དུ་ཀྲུང་ཧྭ་རིག་གནས་ཀྱི་འོད་སྟོང་འབར་བར་བྱེད་དགོས།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་གོས། མར་ཁེ་སི་དང་ཨེན་ཀེ་སིའི་བཀོད་པ་སྟེ། མ་འོངས་པའི་སྤྱི་ཚོགས་ཁྲོད། “ཐོན་སྐྱེད་ཀྱིས་མི་ཡོད་ཚད་ཕྱུག་པོར་འགྱུར་རྒྱུ་དེ་དམིགས་ཡུལ་དུ་འཛིན་པ་”དང་། “མི་ཀུན་གྱིས་ཐུན་མོང་དུ་ཚང་མས་བསྐྲུན་པའི་བདེ་སྐྱིད་ལ་རོལ་བ་”དེ་ཡིན། ཨེན་ཀེ་སི་ཡིས་མར་ཁེ་སིའི་《གུང་ཁྲན་ཏང་གི་བསྒྲགས་གཏམ》དང་《ཀོ་ཏའི་རྩ་འཛིན་སུན་འབྱིན》དང་《མ་རྩ་སྨྲ་བ》ལ་སོགས་པའི་གསུང་རྩོམ་ནང་བཏོན་པའི་འདོན་ཚུལ་རབ་དང་རིམ་པ་ལ་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག སྤྱི་ཚོགས་ཀྱིས་མི་ཚང་མར་བདེ་ཐང་དང་ཕན་ཐོགས་ཡོད་པའི་ལས་ཀ་མཁོ་སྤྲོད་བྱེད་དགོས་པ་དང་། མི་ཚང་མར་དངོས་པོའི་འཚོ་བ་དང་སྤྲོ་འཆམ་གྱི་དུས་ཚོད་འདང་ངེས་ཤིག་མཁོ་སྤྲོད་བྱེད་དགོས་པ། མི་ཚང་མར་དོན་དམ་པའི་ཐོག་གི་རང་དབང་གང་ལེགས་མཁོ་སྤྲོད་བྱེད་དགོས་པ་བཅས་རྒྱས་བཤད་བྱས་ཡོད། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན། ང་ཚོས་མི་དམངས་ལྟེ་བར་འཛིན་རྒྱུ་དེ་འཕེལ་རྒྱས་ཀྱི་བསམ་བློ་རུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀ་ཡིན་པ། ཆེས་དངོས་ཡོད་ཡིན་པའི་ཁེ་ཕན་གནད་དོན་དམ་འཛིན་བྱས་ནས། མུ་མཐུད་དུ་དམངས་འཚོ་འགན་ལེན་དང་ལེགས་བཅོས་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་བདེན་དོན་སྤེལ་བ། སྔར་ལས་མཐོ་བའི་ཆུ་ཚད་སྒོས་བྱིས་པ་སྐྱོང་ས་ཡོད་པ་དང་། སློབ་གྲྭ་འགྲོ་ས་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ནད་པར་སྨན་བསྟེན་ས་ཡོད་པ། རྒན་དུས་བཅོལ་ས་ཡོད་པ། སྡོད་ཁང་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འབྲས་བུ་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་སྒོས་མི་དམངས་ཡོངས་ལ་ཕན་པར་བྱས་ནས། མུ་མཐུད་དུ་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཡོངས་ཐུན་མོང་དུ་ཕྱུག་པོར་འགྱུར་བའི་ཕྱོགས་སུ་མུ་མཐུད་དུ་མདུན་བསྐྱོད་བྱེད་དགོས།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། མར་ཁེ་སི་ཡིས་“མི་ནི་རང་བྱུང་ཁམས་ལ་བརྟེན་ནས་འཚོ་བ་ཞིག་”ཡིན་པ་དང་། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་འཚོ་བའི་རྒྱུ་ཆའི་འབྱུང་ཁུངས་མཁོ་འདོན་བྱེད་པ་སྟེ། ས་ཞིང་གཤིན་པོ་དང་ཉ་ལས་ཐོན་ཁུངས་ཕུན་སུམ་ཚོགས་པའི་མཚོ་ཆུ་མཚེའུ་ལ་སོགས་པའོ།། དེ་མ་ཟད་ད་དུང་མིའི་རིགས་ལ་འཚོ་བའི་རྒྱུ་ཆའི་འབྱུང་ཁུངས་མཁོ་འདོན་བྱས་པ་རེད། རང་བྱུང་ཁམས་ཀྱི་དངོས་པོ་ལས་མིའི་རིགས་འཚོ་གནས་བྱེད་པའི་རང་བྱུང་ཁམས་ཀྱི་ཆ་རྐྱེན་གྲུབ་པ་དང་། མིའི་རིགས་ཀྱིས་རང་བྱུང་ཁམས་དང་ཕན་ཚུན་མཉམ་འགུལ་ཁྲོད་ཐོན་སྐྱེད་དང་འཚོ་བ། འཕེལ་རྒྱས་གཏོང་ཞིང་། མིའི་རིགས་ཀྱིས་རང་བྱུང་ཁམས་དང་མཐུན་སྦྱོར་བྱས་ན་རང་བྱུང་ཁམས་ཀྱིས་ཀྱང་མིའི་རིགས་ལ་དྲིན་ལན་འཇལ་བ་རེད། ཡིན་ན་ཡང་། “གལ་ཏེ་མི་ཡིས་ཚན་རིག་དང་གསར་གཏོད་རང་བཞིན་གྱི་སྐྱེས་ཐོབ་ཤེས་རབ་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་ནུས་ཤུགས་འདུལ་བ་ཡིན་ན། རང་བྱུང་ཁམས་ཀྱི་ནུས་ཤུགས་ཀྱིས་ཀྱང་མི་ལ་ངན་ལན་སློག་པ་རེད།”

རང་བྱུང་ཁམས་ནི་ཚེ་སྲོག་གི་མ་ཡུམ་ཡིན་པ་དང་། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གི་ཐུན་མོང་གཞི་གཅིག་ཅན་ཡིན། མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ཁམས་ལ་གུས་ཤིང་སྐྲག་པ་དང་རང་བྱུང་ཁམས་ལ་བརྩི་བཀུར། རང་བྱུང་ཁམས་ལ་འཕྲོད་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་དགོས། ང་ཚོས་མི་དང་རང་བྱུང་ཁམས་མཐུན་སྦྱོར་མཉམ་གནས་དང་། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་ཏན་ཏིག་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་ཏེ་མི་དམངས་མང་ཚོགས་ལ་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོའི་ཁྲོད་ཐུན་མོང་དུ་རང་བྱུང་ཁམས་ཀྱི་མཛེས་ལྗོངས་དང་ཚེ་སྲོག་གི་ངོ་མཚར། འཚོ་བའི་བདེ་སྐྱིད་བཅས་རོལ་དུ་བཅུག་སྟེ། ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་པོའི་ཤེས་དཔལ་འཕེལ་རྒྱས་བགྲོད་ལམ་ཞིག་གཏོད་དགོས།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་འཛམ་གླིང་ལོ་རྒྱུས་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། མར་ཁེ་སི་དང་ཨེན་ཀེ་སི་ཡིས་“མི་རིགས་སོ་སོའི་གདོད་མའི་བཀག་སྡོམ་རྣམ་པ་ནི་ཉིན་རེ་བཞིན་ལེགས་སུ་འགྲོ་བའི་ཐོན་སྐྱེད་རྣམ་པ་དང་། འགྲོ་འོང་དང་འགྲོ་འོང་ལས་རང་བྱུང་དུ་གྲུབ་པའི་མི་རིགས་མི་འདྲ་བའི་བར་གྱི་ལས་བགོས་ལ་བརྟེན་ནས་རྩ་མེད་འགྲོ་བཞིན་ཡོད་པ་དང་། ལོ་རྒྱུས་ཀྱང་དེ་བས་འཛམ་གླིང་གི་ལོ་རྒྱུས་སུ་འགྱུར་བཞིན་ཡོད་”ཅེས་བསྟན་ཡོད། མར་ཁེ་སི་དང་ཨེན་ཀེ་སིའི་སྐབས་དེའི་མ་འོངས་ལུང་བསྟན་འདི་ད་ལྟ་དངོས་སུ་དངོས་ཡོད་དུ་གྱུར་ཡོད་པ་དང་། ལོ་རྒྱུས་དང་དངོས་ཡོད་ཀྱིས་ཉིན་རེ་བཞིན་ལུང་བསྟན་འདིའི་ཚན་རིག་གི་རིན་ཐང་ལ་བདེན་དཔང་བྱེད་བཞིན་ཡོད། དེ་རིང་། མིའི་རིགས་འགྲོ་འོང་གི་འཛམ་གླིང་རང་བཞིན་ནི་འདས་ཟིན་པའི་ལོ་ཟླ་ག་དུས་ལས་ཀྱང་དེ་བས་གཏིང་ཟབ་ཡིན་ལ་དེ་བས་རྒྱ་ཆེ་ཡིན། རྒྱལ་ཁབ་སོ་སོའི་ཕན་ཚུན་འབྲེལ་བ་དང་གཅིག་ལ་གཅིག་བརྟེན་ནི་འདས་ཟིན་པའི་ལོ་ཟླ་ག་དུས་ལས་ཀྱང་ཇེ་མང་ཡིན་པ་དང་ཚགས་དམ་པོ་ཡིན། གཞི་གཅིག་ཅན་གྱི་འཛམ་གླིང་དེར་ཡོད་པས། སུས་འཛམ་གླིང་དེ་དང་ལེན་མི་བྱས་ན། འཛམ་གླིང་གིས་ཀྱང་དེ་ལ་དང་ལེན་མི་བྱས། དངོས་མང་མཉམ་དུ་གནས་པ་ལས་ཕན་ཚུན་གནོད་འཚེ་མི་གཏོང་ཞིང་། བགྲོད་ལམ་གཅིག་པ་ཡིན་ཡང་ཕན་ཚུན་བཀག་འགོག་མི་བྱས་པ། ང་ཚོས་འཛམ་གླིང་ལོ་རྒྱུས་ཀྱི་མཐོ་ཚད་ནས་ལངས་ཏེ་དེང་གི་འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མདུན་དུ་ལྷགས་པའི་གནད་དོན་ཆེན་པོ་ལ་ཞིབ་ལྟ་བྱེད་པ་དང་། ཞི་བདེའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དུ་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་རྒྱ་ཆེར་གཏོང་བ། གོ་ལ་ཡོངས་ཀྱི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། ཁྱབ་ཁོངས་དེ་ལས་མང་བ་དང་རིམ་པ་དེ་ལས་མཐོ་བའི་ཐོག་མཉམ་ལས་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ། གཞན་ལ་མི་བརྟེན་པ། གཞན་ལ་མི་འཕྲོག་པ། རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་ཧུར་ཐག་སྒོས་མིའི་རིགས་ཀྱི་ལས་བསྐལ་ཐུན་མོང་བ་གྲུབ་སྟེ། འཛམ་གླིང་ཉིད་སྔར་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་དགོས།

—མར་ཁེ་སི་ལ་སློབ་སྦྱོང་བྱེད་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་སྐོར་གྱི་བསམ་བློ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། མར་ཁེ་སི་ཡིས་ལྟར་ན། “འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་གྱི་འཐབ་རྩོད་ཁྲོད་བརྒྱུད་མྱོང་བའི་འཕེལ་རྒྱས་ཀྱི་དུས་རིམ་སོ་སོའི་ཐོག གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་ལས་འགུལ་ཡོངས་ཀྱི་ཁེ་ཕན་མཚོན་ལ།” “ཁོ་ཚོ་ལ་འབྱོར་མེད་གྲལ་རིམ་ཡོངས་ཀྱི་ཁེ་ཕན་དང་མི་མཐུན་པའི་ཁེ་ཕན་གང་ཡང་མེད།” “མི་མང་ཆེ་ཤོས་ལ་ཁེ་ཕན་བསྐྲུན་ཞིང་།” གུང་ཁྲན་རིང་ལུགས་འཛུགས་སྐྲུན་གྱི་ཆེད་དུ་འབད་འཐབ་བྱེད་པ་རེད། གུང་ཁྲན་ཏང་གིས་ “འཛམ་གླིང་ཡོངས་ཀྱི་མདུན་དུ་མི་རྣམས་ཀྱིས་ཏང་གི་ལས་འགུལ་ཆུ་ཚད་ལ་ཚད་དཔོག་བྱེད་ཆོག་པའི་ལམ་ཚད་རྡོ་རིང་ཞིག་འཛུགས་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ། མི་དམངས་ཀྱི་ཁེ་ཕན་དོན་དུ་འབད་འཐབ་བྱེད་པ་ནི། མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྲིད་ཏང་གཞན་དག་དང་མི་འདྲ་བའི་རྩ་བའི་ཁྱད་པར་ཡིན། ང་ཚོས་རླབས་ཆེ་བའི་འཐབ་རྩོད་དང་རླབས་ཆེ་བའི་ལས་གྲྭ། རླབས་ཆེ་བའི་བྱ་གཞག རླབས་ཆེ་བའི་ཕུགས་འདུན་བཅས་ལ་གཅིག་འགྱུར་བཀོད་འདོམས་བྱས་ནས། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཆེན་གྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་མཐོ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་མོ་སྐྱོང་བར་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ཨང་དང་པོའི་ཐོག་འཇོག་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ། མཐའ་གཅིག་ཏུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་འགྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ། ནམ་ཡང་གུང་ཁྲན་ཏང་མིའི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་དུ་བསྐྱོད་པ་དང་། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་སྲུང་བྱེད་པ། རང་ཉིད་གསར་བརྗེ་བྱེད་སྤོབས་པ། ཉེན་ཁའི་ཉམས་སད་སྣ་ཚོགས་ཐེག་ཐུབ་པ། གསོན་ཤུགས་རབ་ཏུ་རྒྱས་པའི་མར་ཁེ་སིའི་སྲིད་ཏང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

བློ་མཐུན་རྣམ་པ་ཚོ། ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྲིད་ཏང་ཡིན་ལ། མར་ཁེ་སི་རིང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་འདུ་ཤེས་ཀྱི་བླ་སྲོག་ཡིན། 1938ལོར། བློ་མཐུན་མའོ་ཙེ་ཏུང་གིས་བསྟན་དོན། གལ་ཏེ་ང་ཚོའི་ཏང་ལ་མ་ལག་ཡིན་ལ་ཐར་ཐོར་མིན་པ། དངོས་ཡོད་ཡིན་ལ་སྟོང་པ་མིན་པའི་སྒོ་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་སློབ་སྦྱོང་བྱས་པའི་བློ་མཐུན་བརྒྱ་དང་གཉིས་བརྒྱ་ཙམ་ཡོད་ན། ང་ཚོའི་ཏང་གི་འཐབ་འཛིང་ནུས་ཤུགས་རྒྱ་ཆེར་མཐོར་འདེགས་གཏོང་ཐུབ་ངེས་ཡིན།

ཏང་གི་འབད་འཐབ་ལམ་རིམ་ལ་ཕྱི་བལྟས་བྱས་ཚེ་མཐོང་ཐུབ་པ་ཞིག་སྟེ། ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་སྤྱད་སྡུག་རུས་མྱོང་ནས་མུ་མཐུད་དུ་འཕེལ་རྒྱས་རྒྱ་ཆེར་གཏོང་ཐུབ་པའི་ཧ་ཅང་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་ཡིས་ཏང་འཛུགས་པ་དང་གཞུང་ལུགས་ཀྱིས་ཏང་སྟོབས་ཆེར་བཏང་སྟེ། ཏང་ཡོངས་ཐོག་མཐའ་བར་གསུམ་དུ་གཅིག་འགྱུར་གྱི་བསམ་བློ་དང་འགྱུར་མེད་ཀྱི་འདོད་བློ། མཐུན་འགྲིག་གི་བྱ་སྤྱོད། སྟོབས་ཆེའི་འཐབ་འཛིང་ནུས་ཤུགས་བཅས་རྒྱུན་འཁྱོངས་བྱས་པའི་རྐྱེན་ལས་རེད།

མིག་སྔར། སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གི་ལས་འགན་ཧ་ཅང་ལྗིད། འགལ་ཟླ་ཉེན་ཁ་འགྲན་སློང་ཧ་ཅང་མང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་སད་ཧ་ཅང་ཆེ་བ་བཅས་ནི་སྔར་ཡོད་མ་མྱོང་བ་ཞིག་རེད། ང་ཚོར་དགེ་མཚན་ཐོབ་པ་དང་། རང་འགུལ་ཐོབ་པ། མ་འོངས་པ་ཐོབ་པ་བཅས་བྱེད་དགོས་ན། ངེས་པར་དུ་མུ་མཐུད་དུ་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་དངོས་ཡོད་ཀྱི་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་དང་། མུ་མཐུད་དུ་ཚན་རིག་གི་གཞུང་ལུགས་ཀྱིས་ང་ཚོར་མཛུབ་སྟོན་བྱས་ཏེ་གལ་ཆེའི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། གལ་ཆེའི་ཉེན་ཁ་སྔོན་འགོག་བྱེད་པ། གལ་ཆེའི་བཀག་ཤུགས་སེལ་བར་བྱེད་པ། གལ་ཆེའི་འགལ་ཟླ་མེད་པར་གཏོང་བ། གལ་ཆེའི་གནད་དོན་ཐག་གཅོད་གཏོང་བའི་ནུས་པ་མཐོར་འདེགས་གཏོང་དགོས། སྔར་ལས་ཡངས་པའི་མཐོང་རྒྱ་དང་སྔར་ལས་རིང་བའི་མིག་རྒྱང་གིས་མ་འོངས་པའི་འཕེལ་རྒྱས་ལ་མདུན་དུ་ལྷགས་པའི་གལ་ཆེའི་གནད་དོན་རབ་དང་རིམ་པ་ཞིག་ལ་བསམ་གཞིག་དང་ཁོང་ཆུད་བྱས་ནས། མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཇེ་བརྟན་དུ་གཏོང་དགོས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》འགྲེམ་བསྒྲགས་བྱས་པ་ནས་དེ་རིང་གི་བར། ལོ་ངོ་170འདས་ཟིན། མིའི་རིགས་ཀྱི་སྤྱི་ཚོགས་ལ་གནམ་ས་མགོ་རྟིང་སློག་པའི་འགྱུར་ལྡོག་བྱུང་ཡོད། ཡིན་ན་ཡང་། མར་ཁེ་སི་ཡིས་རྒྱས་བཤད་བྱས་པའི་སྤྱིར་བཏང་གི་རྩ་བའི་རིགས་པ་ནི་སྤྱིའི་ཆ་ནས་བཤད་ན་སྔར་བཞིན་རྦད་དེ་ཡང་དག་པ་ཞིག་རེད། ང་ཚོས་རྩོད་སྒྲུབ་ཀྱི་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་རྒྱུན་འཁྱོངས་དང་བཀོལ་སྤྱོད་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བཀོལ་སྤྱོད་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་འཛམ་གླིང་གི་དངོས་པོའི་རང་བཞིན་དང་དེའི་འཕེལ་རྒྱས་ཆོས་ཉིད་དང་། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རང་བྱུང་རང་བཞིན་དང་ལོ་རྒྱུས་རང་བཞིན་དང་དེ་དང་འབྲེལ་བའི་ཆོས་ཉིད། མིའི་བཅིངས་འགྲོལ་དང་རང་མོས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ཆོས་ཉིད། ངོས་འཛིན་གྱི་ངོ་བོ་དང་དེའི་འཕེལ་རྒྱས་ཆོས་ཉིད་ལ་སོགས་པའི་རྩ་བའི་རིགས་པ་རྒྱུན་འཁྱོངས་དང་བཀོལ་སྤྱོད་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་ལག་ལེན་ལྟ་བ་དང་མང་ཚོགས་ལྟ་བ། གྲལ་རིམ་ལྟ་བ། འཕེལ་རྒྱས་ལྟ་བ། འགལ་ཟླ་ལྟ་བ་བཅས་རྒྱུན་འཁྱོངས་དང་བཀོལ་སྤྱོད་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་མར་ཁེ་སི་རིང་ལུགས་ཀྱི་འཇོན་ཐང་ལེགས་ཤོས་འདི་སློབ་སྦྱོང་ཡག་པོ་དང་གོ་བ་ཟབ་མོ། བེད་སྤྱོད་ལེགས་པོ་བཅས་གཏོང་དགོས།

ཏང་ཡོངས་ཀྱི་བློ་མཐུན་དང་ཁྱད་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྔར་བས་རང་མོས་དང་སྔར་བས་འབད་བརྩོན་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་སློབ་སྦྱོང་བྱེད་པ་དང་། མའོ་ཙེ་ཏུང་གི་དགོངས་པ་དང་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་གལ་ཆེའི་དགོངས་དོན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ལ་སློབ་སྦྱོང་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་སློབ་སྦྱོང་བྱེད་དགོས། གཏིང་ཟབ་མོ་སྦྱོང་བ་དང་ཡུན་རིང་པོར་སྦྱོང་བ། ཧུར་ཐག་གིས་སྦྱོང་བ། དྲི་བ་བཀོད་ནས་སྦྱོང་བ། དངོས་ཡོད་དང་འབྲེལ་ནས་སྦྱོང་བ། སྔར་ལས་ལྷག་པའི་སྒོ་ནས་ཚན་རིག་དང་མཐུན་པའི་བསམ་བློ་གཞུང་ལུགས་དེ་འཇིག་རྟེན་ལ་ངོས་འཛིན་དང་འཛམ་གླིང་སྒྱུར་བཀོད་བྱེད་པའི་སྟོབས་ཆེའི་དངོས་པོ་སྟོབས་ཤུགས་སུ་བསྒྱུར་དགོས། གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་ཀློག་པ་དང་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་གོ་བ་ལོན་རྒྱུ་དེ་འཚོ་བའི་གོམས་གཤིས་སུ་བརྩིས་པ་དང་བསམ་པའི་རེ་སྙེག་ཅིག་ཏུ་བརྩིས་པ། གསུང་རབ་ཀྱིས་དྲང་གཤིས་གསོ་སྐྱོང་དང་བསམ་བློ་ཞུན་བརྡར། བྱང་ཚད་མཐོར་འདེགས། ལག་ལེན་མཛུབ་སྟོན་བཅས་བྱེད་དགོས།

ཚན་རིག་གི་གཞུང་ལུགས་ལ་ཁ་གཏད་ན་ངེས་པར་དུ་ཚན་རིག་གི་རྣམ་འགྱུར་ཡོད་དགོས། ཨེན་ཀེ་སི་ཡིས་གཏིང་ཟབ་མོའི་སྒོ་ནས་བསྟན་དོན། “མར་ཁེ་སིའི་འཛམ་གླིང་གི་ལྟ་བ་སྤྱིའི་ཆ་ནས་བསྟན་བཅོས་མིན་ལ་བྱེད་ཐབས་ཡིན། དེས་མཁོ་སྤྲོད་བྱས་པ་ནི་བརྩམས་ཟིན་པའི་བསྟན་བཅོས་མིན་ལ། མུ་མཐུད་དུ་ཞིབ་འཇུག་བྱེད་པའི་གཞི་ཚུགས་ས་དང་ཞིབ་འཇུག་དེ་དག་བེད་སྤྱོད་བྱེད་པར་མཁོ་སྤྲོད་བྱེད་པའི་ཐབས་ཤེས་ཡིན།”ཨེན་ཀེ་སི་ཡིས་ད་དུང་བསྟན་དོན། ང་ཚོའི་གཞུང་ལུགས་ནི་“ལོ་རྒྱུས་ཀྱི་ཐོན་དངོས་ཤིག་ཡིན། དེ་ལ་དུས་རབས་མི་འདྲ་བའི་ནང་རྦད་དེ་མི་འདྲ་བའི་རྣམ་པ་ཡོད། དུས་མཚུངས་སུ་རྦད་དེ་མི་འདྲ་བའི་ནང་དོན་ཡང་ཡོད།” ཚན་རིག་གི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རྩ་དོན་དོར་མི་རུང་། དོར་ན་སྤྱི་ཚོགས་རིང་ལུགས་མིན། དུས་མཚུངས་སུ། ཚན་རིག་གི་སྤྱི་ཚོགས་རིང་ལུགས་ཀྱང་རྦད་དེ་འགྱུར་བ་མེད་པའི་ལུང་ཚིག་གཅིག་མིན། ངས་བཤད་མྱོང་བ་སྟེ། དེང་རབས་ཀྲུང་གོའི་རླབས་ཆེ་བའི་སྤྱི་ཚོགས་སྒྱུར་བཅོས་ནི་སྟབས་བདེའི་སྒོ་ནས་རང་རྒྱལ་གྱི་ལོ་རྒྱུས་རིག་གནས་རྒྱུན་མཐུད་བྱེད་པའི་མ་དཔེ་མིན་པ་དང་། སྟབས་བདེའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་རྩོམ་པ་པོའི་བཀོད་པ་འདྲ་བཤུས་བྱེད་པའི་དཔེ་དབྱིབས་མིན་པ། རྒྱལ་ཁབ་གཞན་དག་གི་སྤྱི་ཚོགས་རིང་ལུགས་ལག་ལེན་གྱི་བསྐྱར་པར་མིན་པ། ཕྱི་རྒྱལ་དེང་རབས་ཅན་འཕེལ་རྒྱས་ཀྱི་པར་གཞི་ཡང་མིན་པ་བཅས་སོ།། སྤྱི་ཚོགས་རིང་ལུགས་ནི་གཏན་འཁེལ་གཅིག་དང་ནམ་ཡང་འགྱུར་མེད་ཀྱི་ཐབས་ལམ་ཞིག་མིན་ལ། ཚན་རིག་གི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རྩ་དོན་དེ་རྒྱལ་ཁབ་རང་ཉིད་ཀྱི་དངོས་ཡོད་གནས་ཚུལ་དང་ལོ་རྒྱུས་རིག་གནས་སྲོལ་རྒྱུན། དུས་རབས་ཀྱི་བླང་བྱ་དང་ཟུང་འབྲེལ་ཚགས་དམ་པོ་བྱས་པ་དང་། ལག་ལེན་གྱི་ཁྲོད་མུ་མཐུད་དུ་འཚོལ་ཞིབ་ཁྱོན་བསྡོམས་བྱས་ན། ད་གཟོད་ཇུས་འགོད་དེ་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་འགྱུར་ཐུབ།

གཞུང་ལུགས་ཀྱི་ཚེ་སྲོག་ནུས་ཤུགས་ནི་མུ་མཐུད་དུ་གསར་གཏོད་བྱེད་པར་རག་ལས། མར་ཁེ་སི་རིང་ལུགས་མུ་མཐུད་དུ་འཕེལ་རྒྱས་སྐུལ་འདེད་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ཀྱི་འགན་འཁྲི་ཡིན། ང་ཚོས་མར་ཁེ་སི་རིང་ལུགས་ཀྱིས་དུས་རབས་ལ་ལྟ་ཞིབ་དང་དུས་རབས་ལ་འགྲེལ་བཤད། དུས་རབས་ལ་སྣེ་ཁྲིད་བཅས་རྒྱུན་འཁྱོངས་བྱེད་དགོས། གསོན་ཉམས་ཕུན་སུམ་ཚོགས་པའི་དེང་རབས་ཀྲུང་གོའི་ལག་ལེན་གྱིས་མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐོང་རྒྱ་ཆེ་བའི་མིག་རྒྱང་གིས་མིའི་རིགས་ཀྱིས་བསྐྲུན་པའི་ཕུལ་བྱུང་གི་ཤེས་དཔལ་གྲུབ་འབྲས་བསྡུ་ལེན་བྱེད་པ། སྒྱུར་བཅོས་ཁྲོད་དྲང་སྲུང་གསར་སྤེལ་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་རང་ཉིད་ལས་བརྒལ་བར་བྱེད་པ། སྒོ་འབྱེད་ཁྲོད་གཞན་གྱི་བཟང་ཆ་བསྡུ་ལེན་བྱས་ནས་མུ་མཐུད་དུ་རང་ཉིད་ལེགས་སུ་གཏོང་བ། མུ་མཐུད་དུ་གུང་ཁྲན་ཏང་གིས་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྱོང་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཇེ་ཟབ་ཏུ་བཏང་སྟེ། མུ་མཐུད་དུ་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཀྱི་ཞིང་ཁམས་གསར་པ་ཕྱེ་ཡོད།

བློ་མཐུན་རྣམ་པ་ཚོ།

དེ་རིང་། ང་ཚོས་མར་ཁེ་སི་ལ་དྲན་གསོ་ཞུ་བ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རླབས་ཆེ་བའི་བསམ་བློ་པར་གུས་བཀུར་ཞུ་བ་ཡིན་ལ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་གི་བདེན་དོན་ལ་བཅངས་པའི་འགྱུར་མེད་ཀྱི་འདུ་ཤེས་བསྒྲགས་པ་ཡང་ཡིན།

ཨེན་ཀེ་སི་ཡིས་གསུང་དོན། གོམ་གང་མདུན་སྤོས་ཀྱིས་ང་ཚོའི་དངོས་གཙོ་སྨྲ་བའི་སྒྲུབ་བྱེད་འདོན་སྤེལ་བྱས་པ་དང་དེང་རབས་སུ་སྤྱོད་པ་ཡིན་ན། སྟོབས་ཤུགས་རྒྱས་ལ་དུས་རབས་ཡོད་ཚད་ཁྲོད་ཆེས་ཆེ་བའི་གསར་བརྗེ་མདུན་ལྗོངས་ཤིག་ལམ་སང་ང་ཚོའི་མདུན་དུ་འཆར་ངེས། མདུན་བསྐྱོད་ཀྱི་བགྲོད་ལམ་སྟེང་། ང་ཚོས་མུ་མཐུད་དུ་མར་ཁེ་སི་རིང་ལུགས་ཀྱི་རླབས་ཆེ་བའི་དར་ཆ་མཐོན་པོ་བསྒྲེང་སྟེ། མར་ཁེ་སི་དང་ཨེན་ཀེ་སི་ཡིས་བཀོད་པའི་མིའི་རིགས་སྤྱི་ཚོགས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལྗོངས་ནི་མུ་མཐུད་དུ་ཀྲུང་གོའི་ས་ཞིང་ཆེན་པོའི་སྟེང་གསོན་ཉམས་ལྡན་པ་ངོམ་ཐུབ་པ་རེད།

ཚེ་རིང་བྱམས་དང་བློ་བཟང་ལྷ་མོ་གཉིས་ཀྱིས་བསྒྱུར།