རང་རེའི་ཞིང་ཆེན་བོད་ཁུལ་གྱི་ནས་འབྲུ་སྔོན་མོ་ལས་སྣོན་གཞན་སྒྱུར་གྱི་ཚད་ཆེས་མཐོ་བའི་ཞིང་ཆེན་དུ་གྱུར་བ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཞིང་འབྲོག་ཐིང་ནས་ཤེས་གསལ་ལྟར་ན། ད་ལོར་རང་ཞིང་གི་ནས་འདེབས་ས་ཞིང་གི་རྒྱ་ཁྱོན་སྤྱི་ཆིང66666.67ལ་སླེབས་ནས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་རྨོ་འདེབས་རྒྱ་ཁྱོན་གྱི་བཞི་ཆའི་གཅིག་ཟིན་པ་དང་། ཐོན་འབོར་ཡང་རྒྱལ་ཡོངས་བོད་ཁུལ་གྱི་ནས་འབྲུ་སྤྱིའི་ཐོན་འབོར་གྱི20%ཟིན་ནས་རང་རྒྱལ་གྱི་བོད་ཁུལ་ཡོངས་ལས་ནས་འབྲུ་ལས་སྣོན་གཞན་སྒྱུར་གྱི་ཚད་ཆེས་མཐོ་བའི་ཞིང་ཆེན་དུ་གྱུར་ཡོད་པ་རེད།

རང་རེའི་ཞིང་ཆེན་ནི་རྒྱལ་ཡོངས་ནས་ནས་འབྲུ་སྔོན་མོ་ཞིབ་འཇུག་ལས་དོན་སྤེལ་བ་ཆེས་སྔ་བའི་ཞིང་ཆེན་དང་ལྗོངས་གྲས་ཀྱི་གཅིག་ཡིན་པ་དང་། ཞིབ་འཇུག་ཆུ་ཚད་ཡང་རྒྱལ་ཡོངས་ཀྱི་མདུན་གྲས་ཡིན། དེ་ལ་པེ་ཆིང8པའི་ནས་འབྲུ་དང་། པེ་ཆིང་དགུ་བའི་ནས་འབྲུ། གཟན་རྩྭ་དང་འབྲུ་རིགས་གཉིས་ཆོད་ཀྱི་འབྲུ་སྣ་བཟང་པོ་ཁུན་ལུན13པ་དང14པའི་ནས་འབྲུ། འབྲུ་རྡོག་མང་ཐོན་གྱི་འབྲུ་སྣ་ཁུན་ལུན15པ་སོགས་ནས་བཟང་འབོར་ཆེན་ཞིག་བོད་ཁུལ་སོ་སོར་ཁྱབ་གདལ་ཐོག་འདེབས་འཛུགས་བྱས་ཡོད། ནང་སྒོས་སུ་འདེམས་གསོ་བྱས་པའི་ཁུན་ལུན14པ་དང་། 15པ་སོགས་ནས་འབྲུ་དེ་དག་གི་ཐོན་འབོར་རྐྱང་རྐྱང་རྒྱ་མ་སྟོང་ལས་བརྒལ་བ་དང་། དེ་ལ་ལོ་ལེགས་སྨིན་སྔ་ཞིང་། ཐོན་འབོར་མང་པ། ཞིང་ཉལ་འགོག་པ་སོགས་ཁྱད་ཆོས་ལྡན་པས། བོད་ཁུལ་ནས་འདེབས་འཛུགས་ལ་ཧ་ཅང་འཚམ་པའི་ནས་ཀྱི་ས་བོན་རིགས་ཤིག་རེད། ཞིང་ཆེན་ཞིང་འབྲོག་ཐིང་གི་ཐིང་ཀྲང་ཝང་ཡུས་ཧུའུ་ཡིས་འདི་སྐད། ད་སྔ་ཞིང་ཆེན་ཡོངས་ནས་ནས་འབྲུ་སྔོན་མོ་ཐོན་སྐྱེད་ལས་སྣོན་བྱེད་མཁན་ཁེ་ལས16ཡོད་ཅིང་། ནས་འབྲས་དང་། ནས་ཀྱི་སྐམ་ཐིག ནས་ཀྱི་བག་ལེབ། ནས་ཀྱི་སྟབས་བདེ་ཐུག་པ་སོགས་མང་ཚོགས་ལ་འཚམ་པའི་ཟས་རིགས་དང་སྟབས་བདེ་ཟས་རིགས། སྤྲོ་གསེང་ཟས་རིགས་རབ་དང་རིམ་པ་གསར་དུ་བཟོས་པར་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པས་ཡི་རིང་ཆེན་པོ་ཐོབ། ནས་ལས་སྣོན་གྱི་ཐོན་འབོར་ཞིང་ཆེན་ཡོངས་ཀྱི་ཐོན་འབོར་སྤྱིའི་སུམ་ཆའི་གཅིག་ཟིན་ནས་བོད་ཁུལ་གྱི་ནས་ལས་སྣོན་གཞན་སྒྱུར་གྱི་ཚད་ཆེས་མཐོ་བའི་ཞིང་ཆེན་དུ་གྱུར་བ་དང་། ནས་འབྲུ་ཐོན་རྫས་ཅན་དུ་སྒྱུར་ཚད83%ཡན་ལ་སླེབས་ཡོད་ཟེར།

ནས་ཀྱི་ཐོན་ལས་གོང་སྤེལ་ལ་སྐུལ་འདེད་བྱ་ཆེད། ཞིང་ཆེན་ཞིང་འབྲོག་ཐིང་གིས་རྒྱལ་ཡོངས་ནས་འབྲུ་སྔོན་མོར་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་གྲགས་ཅན་དང་། དཀྱུས་འབྲུ་ཐོན་ལས་ཅན་གསར་སྤེལ་གྱི་ཁེ་ལས་པ་བཅས་མི་དྲུག་ཆེད་དུ་གདན་དྲངས་ནས་མཚོ་སྔོན་ནས་འབྲུ་སྔོན་མོའི་ཐོན་ལས་གོང་སྤེལ་གྱི་བློ་འདོན་ཆེད་མཁས་ཚན་ཆུང་བཙུགས་ཤིང་། བོད་ཁུལ་དང་དེ་མིན་མཚོ་སྔོན་ནས་ཀྱི་ཐོན་ལས་གོང་སྤེལ་གྱི་བཀག་རྡོ་དང་གནད་དོན་འབུར་ཐོན་ལ་ཞིབ་འཇུག་བགྱིས་ནས་མཚོ་སྔོན་གྱི་ནས་ཐོན་ལས་གོང་སྤེལ་ལ་ཐབས་འདོན་ཇུས་འབུལ་དང་། ལག་རྩལ་གྱི་ཞབས་ཕྱི་མཁོ་འདོན་བཅས་ནས་འབྲུ་སྔོན་མོའི་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོ་གོང་སྤེལ་ཐད་ནས་གྲོས་ཞིབ་བྱས། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་པ་རྣམས་འགྲེམ་སྟོན་དུ་མོས་ཞུགས་བྱེད་པར་སྒྲིག་འཛུགས་བྱས་པ་དང་མཉམ་དུ། རྒྱལ་ནང་གི་ནས་ལས་སྣོན་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཆེ་འབྲིང30རྩ་འཛུགས་བྱས་ནས་རང་ཞིང་གི་ནས་ལས་སྣོན་ཁེ་ལས16པར་ངོ་འཕྲད་ཚོང་མོལ་ཐོག་མཉམ་ལས་ཀྱི་འབྲེལ་ཐག་བརྒྱུད་ཏེ། ཞིང་ཆེན་ནང་ཁུལ་གྱི་ནས་ལས་སྣོན་ཁེ་ལས་ལྔས་ཞིང་ཆེན་ཕྱིའི་ཁེ་ལས8བར་ལ་མཉམ་ལས་གྲོས་ཆིངས་བཞག་པ་དང་། གྲོས་ཆིངས་བཞག་པའི་ཐོན་རྫས་སྣ10ལྷག་དང་། མ་དངུལ་དུང་ཕྱུར1ལ་སླེབས་ཡོད་པ་རེད།


ལོ་ཙཱ་བ། ཁོན་ཐར་འཚོ།