བོད་ལྗོངས་ལྷ་སར་གནམ་ཐང་ལྕོག་སྟེགས་བརྟན་སྲུང་གིས་འགྲུལ་པའི་ཕྱིར་བསྐྱོད་བདེ་འཇགས་འགན་ལེན་བྱེད་པ།

མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། “6017ཁམས་བཟང་། འདི་ནི་ལྷ་ས་གནམ་ཐང་རེད”ཉིན་དགུང་ཆུ་ཚོད་12ཙམ་ལ་ལྷ་ས་གོང་དཀར་གནམ་ཐང་གི་ལྕོག་སྟེགས་ཚོད་འཛིན་ཁང་གི་ལས་ཚབ་ཀྲུའུ་རེན་ཚེ་རིང་གིས་ལྕོག་སྟེགས་ནས་ཡར་འཕུར་མར་འབབ་བྱེད་མཁན་གནམ་གྲུ་རེ་རེ་བཞིན་ལ་བཀོད་འདོམས་ཀྱིས་བོད་ནས་འགྲོ་འོང་བྱེད་མཁན་གྱི་འགྲུལ་པའི་ཕྱིར་བསྐྱོད་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་ཅིང་། འགྲུལ་པའི་འཛུམ་མདངས་མཐོང་སྐབས་ཚེ་རིང་གི་སེམས་གཏིང་ལ་བདེ་སྐྱིད་ཀྱི་སྣང་བ་ཞིག་ཡོང་གི་ཡོད།

འདི་ལོ་ལོ་37ཡིན་པའི་ཚེ་རིང་གི་ཁྱིམ་ནི་གནམ་ཐང་ནས་བར་ཐག་སྤྱི་ལེ་60ཙམ་ཡོད་པའི་ལྷ་ས་གྲོང་ཁུལ་དུ་ཡོད་པ་དང་ཕ་མ་གཉིས་ལོ་ན་བགྲེས་པའི་ཁར་ཕྲུ་གུ་ལོ་6ལས་སོན་གྱི་མེད། འོན་ཀྱང་ད་ཐེངས་གུང་གསེང་རིང་ཚེ་རིང་གིས་སྔར་རྒྱུན་བཞིན་ལྕོག་སྟེགས་ལས་གནས་བརྟན་སྲུང་བྱས་ཏེ། འགྲུལ་པའི་ཕྱིར་བསྐྱོད་བདེ་འཇགས་འགན་ལེན་བྱས་ཡོད། ཁོང་གིས“མི་གཞན་གྱི་གུང་གསེང་ཉིན་མོ་ནི་ང་ཚོ་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་ཡིན་པས་ང་ཚོས་ལས་གནས་བརྟན་སྲུང་བྱས་ཏེ་མི་དེ་བས་མང་བའི་ཕྱིར་བསྐྱོད་ལ་འགན་ལེན་བྱེད་ཐུབ་ཚེ་ངའི་སེམས་ནང་དེ་ནི་མ་ཡུམ་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་སྟངས་གཞན་ཞིག་རེད་བསམས་ཀྱི་འདུག”ཅེས་བཤད།

མིག་སྔའི་བར་བོད་དུ་ཁྱོན་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་དང་། ཤར་ཕྱོགས་མཁའ་འགྲུལ་ཀུང་སི། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སི་སོགས་མཁའ་འགྲུལ་ཀུང་སི་10ཡི་མཁའ་ལམ་ཤར་གཏོང་ཐུབ་སྟེ། རྒྱལ་ཁབ་ཕྱི་ནང་དུ་མཁའ་ལམ་86ཟིན་པ་དང་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་47ཟིན་ནས་ལྷ་ས་ལྟེ་བར་བྱས་པ་དང་ཉེ་འཁོར་དང་ཐ་ན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་ཆེ་གྲས་དང་འབྲིང་གྲས་ལ་ཁྱབ་པའི་མཁའ་ལམ་གྱི་དྲ་རྒྱ་ཞིག་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་བསྟུན་ནས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་དགོས་མཁོ་ཡང་སྔར་བས་ཆེ་རུ་སོང་ཡོད་པས་དེ་ལྟ་བུའི་འཕེལ་རྒྱས་མྱུར་པོ་ནི་ལས་གནས་བརྟན་སྲུང་གིས་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་དམངས་སྤྱོད་མཁའ་འགྲུལ་གྱི་ལས་མི་རྣམས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།