བོད་ཀྱིས་ནུས་ཤུགས་ཡོད་རྒུས་འབྲི་ཆུའི་འཁྱིལ་མཚོ་ཆགས་ཡུལ་དུ་ཉེན་སེལ་གེགས་སེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གི་འཕྲལ་སྡོམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཁྲོན་བོད་འབྲེལ་མཚམས་ཀྱི་འབྲི་ཆུར་རི་ཉིལ་ནས་འཁྱིལ་མཚོ་ཆགས་རྗེས་བོད་ཀྱིས་འཕྲལ་མར་འཕྲལ་སྡོམ་རོགས་སྐྱོབ་ལམ་སྲོལ་ལག་ལེན་བསྟར་ཞིང་། མིག་སྔར་གེགས་སེལ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

ཆབ་མདོ་གྲོང་ཁྱེར་གྱི་འཕྲལ་སྡོམ་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པར། ཚེས་12ཉིན་གྱི་སྔ་དྲོ། འབྲི་ཆུའི་འཁྱིལ་མཚོ་ཆགས་སའི་བོད་ལྗོངས་ཆབ་མདོའི་འཇོ་མདའ་རྫོང་སྤོ་ལོ་ཤང་གི་རི་ཉིལ་སའི་གཞོགས་གཅིག་ནས་སླར་ཡང་རི་ཉིལ་ཏེ་འཁྱིལ་མཚོ་ཆེ་རུ་ཕྱིན་པ་དང་ཆུ་ལམ་སླར་ཡང་འགགས་ནས་ཚེས་12ཉིན་གྱི་ཕྱི་དྲོ། འཁྱིལ་མཚོའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་2ཙམ་ཟིན་པ་དང་འཁྱིལ་མཚོས་ཉེན་ཁ་བཟོ་སྲིད་པའི་གཞི་ཁྱོན་སྤྱི་ལེ་30ལྷག་ཟིན་གྱི་ཡོད་པ་རེད། གེགས་བར་གྱི་གནས་ཚུལ་དང་མངོན་མེད་རྐྱེན་ངན་ཆེ་རུ་སོང་བ་དང་སྦྲགས་ཆབ་མདོ་གྲོང་ཁྱེར་གྱིས་འཇོ་མདའ་དང་། གོ་འཇོ། སྨར་ཁམས་བཅས་རྫོང་གསུམ་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་སྔར་བས་ཞིབ་ཚགས་བྱས་ཤིང་། ཚེས་12ཉིན་གྱི་ཆུ་ཚོད་18བར། ཤང་10ཡི་ཉེན་ཁ་ཡོད་པའི་མང་ཚོགས་13637ཚང་མ་བདེ་འཇགས་ཁུལ་དུ་གནས་སྤོ་བྱས་པ་མ་ཟད་གནས་སྤོས་མང་ཚོགས་ལ་བཀོད་སྒྲིག་དང་སེམས་གསོ་གཏོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད་པ་རེད།

ཚེས་12ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཛ་དྲག་ཚོགས་འདུ་འཚོགས་ཏེ་གེགས་སེལ་ལས་དོན་བཀོད་སྒྲིག་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གེགས་སེལ་དངོས་ཟོག་རིགས་ཆེ་གྲས་12བྱུར་བུར་བླུགས་པའི་ཁག་དང་པོའི་ཟོག་འདྲེན་རླངས་འཁོར་21ལྷ་ས་ནས་ཐོན་པས་ཉིན་གཉིས་ནང་ཚུན་དུ་གནོད་འཚེ་ཕོག་ཡུལ་དུ་འབྱོར་རྒྱུ་རེད། བོད་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་དམངས་སྲིད་སྡེ་ཚན་གྱིས་ད་དུང་གེགས་སེལ་གྱི་དགོས་མཁོར་གཞིགས་ཏེ་འཕྲལ་སྡོམ་དངོས་ཟོག་ཛ་དྲག་ངང་གཏོང་འདྲེན་བྱས་པ་རེད།

བོད་རང་སྐྱོང་ལྗོངས་གེགས་སེལ་དངོས་ཟོག་གྲབས་གསོག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲུའུ་དབྱི་ཡིས། ཚེས་12ཉིན་རང་སྐྱོང་ལྗོངས་དམངས་སྲིད་ཀྱིས་གཏོང་འདྲེན་བྱས་པའི་གེགས་སེལ་དངོས་ཟོག་ཁྲོད་མལ་ཆས་དང་། སྲིང་བལ་གྱོན་གོས། བཞའ་འགོག་གདན། ལྟེབ་ཁྲི། ཆུ་ལྷམ་སོགས་ཡོད་པ་རེད། མིག་སྔར། ཆབ་མདོ་གྲོང་ཁྱེར་དང་རྫོང་གིས་གཏོང་འདྲེན་བྱས་པའི་གུར་དང་གློག་སྒྲོན་སོགས་གེགས་སེལ་དངོས་ཟོག་གེགས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་25ལ་གུར་4345དང་། ཉལ་ཆས་21474 ལྟེབ་ཁྲི་5747 སྲིང་བལ་གྱོན་གོས་ཆ་4400 ཀམ་པ་ལི་7820 ཉལ་ཁུག་2340སོགས་གེགས་སེལ་དངོས་ཟོག་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཆབ་མདོ་གྲོང་ཁྱེར་དང་དཀར་མཛེས་ཀྲོའུ་ས་གནས་གཉིས་ཀྱིས་འཕྲལ་སྡོམ་རོགས་སྐྱོབ་འབྲེལ་གཏུག་ལམ་སྲོལ་བཙུགས་ནས་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་མཉམ་དུ་སྤེལ་བཞིན་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིར་ཁྱབ་པའི་འཕྲལ་སྡོམ་འབྲེལ་གཏུག་ལམ་སྲོལ་དང་ཆུ་ཚོད་24ཡི་སྡོད་བྱ་བཀོད་སྒྲིག་གི་ལམ་ལུགས་བཟོས་པ་མ་ཟད། འཇོ་མདའ་དང་། གོ་འཇོ། སྨར་ཁམས་བཅས་རྫོང་གསུམ་གྱི་འབྲི་ཆུའི་འགྲམ་གྱི་ཤང་གྲོང་ལ་སོ་ལྟ་ཁང་བཙུགས་ནས་གེགས་བར་གྱི་གནས་ཚུལ་དང་ཉེན་ཁའི་གནས་ཚུལ་ཆུ་ཚོད་ཕྱེད་ཀར་སྙན་སེང་ཐེངས་རེ་ཞུ་བའི་ལམ་ལུགས་ལག་བསྟར་བྱས་ཏེ་རྒྱུན་གཏན་མིན་པའི་གནས་ཚུལ་འཕྲལ་མར་ཤེས་རྟོགས་དང་། འཕྲལ་མར་སྙན་སེང་། འཕྲལ་མར་ཐག་གཅོད་བཅས་ཐུབ་པའི་འགན་ལེན་བྱས་པ་དང་། གེགས་ཁུལ་དུ་འགྲིམ་འགྲུལ་བཀག་སྡོམ་ནན་པོ་བྱས་ཏེ་གེགས་ཁུལ་གྱི་འགྲིམ་འགྲུལ་གནས་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་ཀྱིས་གེགས་ཁུལ་དུ་སྐྱོད་སའི་ཚེ་སྲོག་ལམ་བུ་བདེ་འཇགས་དང་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་དམངས་སྲིད་ཀྱི་གེགས་སེལ་འཕྲལ་སྡོམ་ལས་ཀའི་ལམ་སྲོལ་རིམ་པ་གསུམ་པ་ལག་ལེན་བསྟར་འགོ་བཙུགས་པ་དང་། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ཉེན་སེལ་གནམ་གཤིས་ཞབས་ཞུའི་འཕྲལ་སྡོམ་དང་ལེན་རིམ་པ་གསུམ་པ་བྱེད་འགོ་བཙུགས་པ་རེད།

གཞན་ཡང་ཚེས་12ཉིན་གྱི་སྔ་དྲོ། འཕྲལ་སྡོམ་དོ་དམ་པུའི་པུའུ་ཀྲང་གཞོན་པ་ཡེ་ཅན་ཁྲུན་གྱིས་རུ་སྣེ་འཁྲིད་པ་དང་སྡེ་ཚན་མང་པོའི་འབྲེལ་ཡོད་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་ལས་གྲུབ་པའི་འཕྲལ་སྡོམ་མཉམ་འབྲེལ་ལས་དོན་རུ་ཁག་དང་རོགས་སྐྱོབ་སྟོབས་ཤུགས་མང་པོ་ཞིག་གནས་ཚུལ་ཐོན་ཡུལ་དུ་སྐྱོད་བཞིན་ཡོད་པ་རེད།