ཡུལ་ཤུལ་གྲོང་ཁྱེར་དང་རྫ་སྟོད་རྫོང་། རྨ་ཆེན་རྫོང་བཅས་ལ་དབུལ་ཐར་འགག་སྒྲོལ་བྱ་བ་རྗེས་སུ་ལུས་པའི་ཐད་ནས་དུས་བཅད་ཁ་བརྡ་བྱས་པ།

    མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ10པའི་ཚེས13ཉིན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་མཱ་ཧྥིན་ཧྲིན་གྱིས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཚབ་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་བསྡུས་བྱ་བ་རྗེས་སུ་ལུས་པ་དང་། གནད་དོན་འབུར་ཐོན་གནས་པའི་ཕྱོགས་ནས་ཡུལ་ཤུལ་གྲོང་ཁྱེར་དང་། རྫ་སྟོད་རྫོང་། རྨ་ཆེན་རྫོང་བཅས་དང་དུས་བཅད་ཁ་བརྡ་བྱས་ནས། ཁུལ་དང་རྫོང་གི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་བཀོད་སྒྲིག་གི་རེ་བ་ལྟར། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་བཏང་ནས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགག་སྒྲོལ་གྱི་འགན་འཁུར་དངོས་འབེབས་བྱེད་དགོས་པ། གནད་དོན་གྱི་རྩ་བ་རྙེད་པ་བཅས་བྱས་ནས། ཕྱོགས་བསྡུས་བཅོས་སྒྱུར་གྱི་བྱེད་ཕྱོགས་གཏན་འབེབས་བཟོས་ནས་ཤུགས་ཚད་ཆེ་རུ་བཏང་སྟེ། དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་འགན་འཁུར་དུས་ལྟར་ཡོང་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་ཞེས་སྐུལ་མ་བཏང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་ཁག་བགོས་འགན་འཁུར་བློ་མཐུན་དང་ཁུལ། རྫོང་གི་གཙོ་འགན་འཁུར་བའི་བློ་མཐུན་རྣམས་ཀྱིས་གླེང་མོལ་དང་ལེན་བྱས་པ་རེད།

    དུས་བཅད་ཁ་བརྡ་བྱ་ཡུལ་གྱི་ཁུལ་དང་རྫོང་གི་འགན་འཁུར་བློ་མཐུན་རྣམས་ཀྱིས་བསྟན་དོན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་འགོ་ཁྲིད་ཚན་ཆུང་གིས་བཏོན་པའི་བསམ་ཚུལ་དང་གྲོས་གཞི་ལ་སེམས་སྟེང་ནས་དང་ལེན་བྱས་པ་ཡིན་ལ། བསླབ་བྱ་གཏིང་ཟབ་སྒོས་བསྡུ་ལེན་བྱེད་པ་དང་། ལས་དོན་རྗེས་མའི་དབུལ་སྐྱོར་འགག་སྒྲོལ་གྱི་ཞན་ཆ་དང་གནས་པའི་གནད་དོན་ལ་ཁ་གཏད་ནས། ངོས་ཟིན་ཇེ་མཐོར་གཏོང་བ་དང་། འགན་འཁུར་དངོས་འབེབས་བྱེད་པ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སྟོབས་ཤུགས་སྣོན་པ། མ་དངུལ་འཇོག་གྲངས་ཇེ་མཐོར་གཏོང་བ། གཞན་དབང་རང་སྒུལ་དུ་སྒྱུར་བ། གནོན་ཤུགས་སྒུལ་ཤུགས་སུ་སྒྱུར་བ། ཕྱོགས་བསྡུས་གནད་དོན་བཅོས་སྒྱུར་མཐའ་འཁྱོལ་བྱེད་པ་སོགས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱ་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།