རང་ཞིང་གིས་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན་གསེར་མདོག་གི་ཟླ9པ་ནི་རང་ཞིང་གི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་རྩ་འཛུགས་དང་རིགས་སོ་སོའི་གུང་གཞོན་ཚོགས་མི་དག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་བྱེད་པའི་སྤེལ་བའི་ཟླ་བ་ཞིག་ཀྱང་ཡིན།

ཟླ9པའི་ཟླ་སྟོད་ལ། ཞིང་ཆེན་གུང་གཞོན་ཚོགས་པས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བརྒྱད་གཅིག་དྭ་ཕྲུག་སློབ་གྲྭ་རུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་དོན་ཡིན་པའི་རུ་ཁག་ཉིན་མོའི་བྱེད་སྒོ་སྤེལ་བ་མ་ཟད། བྱིས་པ་ཚོར་རིན་ཐང་སྒོར་སྟོང་གསུམ་ལྷག་གི་དཔེ་ཁུག་དང་ཚིག་མཛོད། མིང་མཛོད་སོགས་སློབ་སྦྱོང་གི་ཡོ་ཆས་བྱིན། ཟླ9པའི་ཟླ་དཀྱིལ་ལ་ཞིང་ཆེན་གུང་གཞོན་ཚོགས་པས་མཚོ་ཤར་གྲོང་ཁྱེར་གྱི་ཕེན་ཨན་གྲོང་བརྡལ་དཀྱིལ་སྙིང་སློབ་གྲྭ་རུ“སྐེ་དཀྲིས་དམར་པོས་དུས་རབས་གསར་པར་དུས་ཆད་བྱེད་པ་སྟེ། མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ་ཆུང་ཆུང་ལ་བརྩོན་ལེན་མཁན”ཞེས་པའི་བརྗོད་དོན་རུ་ཁག་སློབ་ཁྲིད་བྱེད་སྒོ་སྤེལ་ནས། བྱིས་པ་ཚོར་རིན་ཐང་སྒོར་སྟོང་གསུམ་ལྷག་གི་སློབ་སྦྱོང་ཡོ་ཆས་དང་དཔེ་ཆ་བྱིན། བྱེད་སྒོའི་སྐབས་སུ། ཞིང་ཆེན་གུང་གཞོན་ཚོགས་པས་རྩ་འཛུགས་བྱས་པའི་སྐབས18པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་དག་གིས་ཕེན་ཨན་ས་ཁུལ་གྱི་ཀྲུང་ལུགས་སྨན་ཁང་དུ་མང་ཚོགས200ལྷག་ལ་འོས་འགན་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ།

ཟླ9པའི་ཟླ་སྨད་དུ། ཞིང་ཆེན་གུང་གཞོན་ཚོགས་པས་མཚོ་སྔོན་སློབ་ཆེན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་རར་སྐྱོད་པའི་བྱེད་སྒོ་སྤེལ་པས། མི་རིགས་སོ་སོའི་སློབ་མའི་བརྩོན་སེམས་རང་བཞིན་དང་གསར་གཏོད་རང་བཞིན་ཆེས་ཆེར་སྐྱེད་པ་དང་། མི་རིགས་རིག་གནས་འགྲེམ་སྟོན། མི་རིགས་ཡིག་གཟུགས་རི་མོའི་འགྲེམ་སྟོན། མི་རིགས་རིག་རྩལ་འགྲེམས་སྤེལ་འཁྲབ་སྟོན། མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་གློག་བརྙན་གཏོང་བ། བརྙན་རིས་བསྡུ་རུབ། ཤེས་བྱ་འགྲན་བསྡུར་སོགས་རིམ་སྟར་བྱེད་སྒོ་སྤེལ་། ཐེངས་འདིའི་བྱེད་སྒོའི་ཁྲོད་སློབ་མ5000ལྷག་བྱ་འགུལ་ལ་ཞུགས་ཤིང་དགེ་སློབ་ཚོའི་ཁྲོད་དུ་ཤུགས་རྐྱེན་དང་བག་ཆགས་སྔ་ན་མེད་པ་ཞིག་བཞག

ཟི་ལིང་གྲོང་ཁྱེར་གུང་གཞོན་ཚོགས་པས་དཀྱིལ་སྙིང་ཐང་ཆེན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཅིག་བསྡུས་ཀྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་དང་། དེ་ཡང་འཕྲེད་དར་ཡི་གེ་དང་འགྲེམས་སྤེལ་དྲིལ་སྒྲོག་བྱང་བུ། དྲིལ་སྒྲོག་ཡིག་ཆ་འགྲེམས་སྤེལ་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཁ་གཏད་ཀྱིས་འཆད་ཁྲིད་གནང་། རྒྱ་ཆེའི་རིགས་སོ་སོའི་མང་ཚོགས་ལ་མི་རིགས་སྲིད་ཇུས་དང་གསར་གཏོད་ཤེས་བྱ་དྲིལ་སྒྲོག་བྱས། མཚོ་ཤར་གྲོང་ཁྱེར་གུང་གཞོན་ཚོགས་པས་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་དེ་སྐད་འཕྲིན་གྱི་ལམ་ནས་རྩོམ་སྒྲིག་འགྲེམས་སྤེལ་བྱས་ཤིང་། གྲོང་ཁྱེར་ཡོངས་ལ་མི་རིགས་མཐུན་སྒྲིལ་ཤེས་བྱའི་འགྲན་སྡུར་སྤེལ། སློབ་གྲྭ་ཆུང་འབྲིང་སོགས་སུ་ཡང“མི་རིགས་མཐུན་སྒྲིལ་ནི་མི་རང་ཉིད་ནས་འགོ་རྩོམ་པ”བརྗོད་དོན་ཡིན་པའི་གུང་གཞོན་རུ་ཁག་གི་བྱེད་སྒོ་ཡང་སྤེལ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་གཞོན་ཚོགས་པས་ཆབ་སྲིད་དང་བསམ་བློ། ཁྲིམས་སྐྱོང་། དྲ་རྒྱའི་སློབ་གསོ་བཅས་བསྡུས་གཟུགས་སུ་བྱས་ཏེ། “སྐེ་དཀྲིས་དམར་པོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི”བརྗོད་དོན་གྱི་སློབ་ཁྲིད་བྱ་འགུལ་སྤེལ་བ་དང་། གཅིག་བསྡུས་སྒོས《ད་ལྟའི་མཚོ་སྔོན་གྱི་གནས་ཚུལ》ཞེས་པའི་བརྙན་རིས་ལ་བལྟས་པ་མ་ཟད། “མཚོ་ལྷོ་དང་ཅང་སུའུ་གཉིས་ཀྱིས་ལག་གདང་སྦྲེལ་ནས་དབྱར་སྒར”བྱེད་སྒོ་སྤེལ་ནས་ཟབ་ཞུགས་བྱས་པས་ན་གཞོན་ཁྲི4ལྷག་ཟབ་ཞུགས་བྱས་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་གཞོན་ཚོགས་པས་རེབ་གོང་ཐང་ཆེན་ནས“རྒྱལ་སྟོན་དུས་ཆེན་བསུ་བ་དང་བདེ་འཇགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང”སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས། རིགས་མི་འདྲ་བའི་དྲིལ་སྒྲོག་ཡིག་ཆ800ལྷག་བཀྲམས། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་གི་འདང་། སློབ་གསོའི་དབུལ་སྐྱོར་ཁྲོད་དུ་བརྩེ་སེམས་འཁྱིལ”ཞེས་པའི་བདེ་འཇགས་དཔེ་ཁུག་ཞལ་འདེབས་སུ་གནང་བའི་བྱེད་སྒོ་སྤེལ། རིན་ཐང་སྒོར་འབུམ4དང་ཁྲི7སྟོང6ལྷག་གི་བདེ་འཇགས་དཔེ་ཁུག2000བྱིན་པ་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གུང་གཞོན་ཚོགས་པས“མི་རིགས་མཐུན་སྒྲིལ་རྟགས་མའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བཞི་བའི་མི་ལྔ་ཅན་གྱི་རྐང་རྩེད་སྤྲོ་ལོའི་འགྲན་སྡུར་སྤེལ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་འདང་། དཔེ་ཀློག་གྱེར་འདོན་གྱིས་མགོ་ལོག་གི་བརྩེ་སེམས་མངོན”ཞེས་པའི་དམངས་ཡོངས་ཀྱི་གྱེར་འདོན་འགྲན་བསྡུར་སྐབས་གཉིས་པ། “དུས་རབས་གསར་བའི་འཛུགས་སྐྲུན་གྱི་བྱས་རྗེས་ངོམ་བཞིན་རྣམ་པ་གསར་བའི་མི་རིགས་མཐུན་སྒྲིལ་ལ་ཁྱིམ་ཚང་གཅིག་གི་འདང་ཡོད”ཞེས་པའི་མགོ་ལོག་གི་ན་གཞོན་འབྲེལ་འདྲིས་མཉམ་འབྲེལ་གྱིས་རྐང་རྒྱུག་བྱེད་སྒོ་བཅས་སྤེལ་ནས། སྲོལ་རྒྱུན་རིག་གནས་དང་རིག་གནས་ལུས་རྩལ་བྱེད་སྒོ་བརྒྱུད་ཀྲུང་ཧྭ་མི་རིགས་དང་རབ་མཛེས་མཚོ་སྔོན་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།