ཡན་ཅིན་ཧེ་ཡིས་ཟི་ལིང་ས་ཁུལ་གྱི་ནགས་ཚལ་མེ་འགོག་བྱ་བར་རྟོག་ཞིབ་བྱས།

ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཟི་ལིང་ས་ཁུལ་གྱི་ནགས་ཚལ་མེ་འགོག་བྱ་བར་ཞིབ་བཤེར་བྱས། ཁོས་ནན་གྱིས་བསྟན་དོན། མིག་སྔར། སྟོན་ཀ་དང་དགུན་ཁའི་དུས་སྐབས་སུ་སླེབས་ཡོད་པས་མེ་སྐྱོན་ཐད་ཀྱི་ཉེན་ཁ་སྔར་ལས་ཇེ་ཆེར་སོང་ཡོད་པ་དང་། ཚང་མས་མེ་འགོག་བྱ་བ་བཟང་བོར་བསྒྲུབ་སྟེ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་ནགས་ཚལ་མེ་འགོག་བྱ་བར་རྒྱལ་ཁ་ལེན་དགོས་ཟེར།

ཡན་ཅིན་ཧེ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཐིན་དང་བདེ་འཇགས་ཐིན། མཚོ་སྔོན་ཉིན་རེའི་ཚགས་པར་ལྗང་སྒྱུར་ཁུལ། ཞིང་ཆེན་ལྷོ་བྱང་རིའི་ལྗང་སྒྱུར་བཀོད་འདོམས་པུའུ་སོགས་སུ་སོང་ནས་ཡུལ་དངོས་ཞིབ་བཤེར་བྱས་པ་དང་། མེ་འགོག་སྒྲིག་ཆས་དང་མྱུར་སྐྱོབ་གོ་རིམ། ཉིན་རྒྱུན་གྱི་དོ་དམ་སོགས་ཐད་ནས་འདྲི་རྟོག་བྱས། ཁོས་ནན་གྱིས་བསྟན་དོན། དོན་དངོས་དང་མཐུན་པའི་སྒོ་ནས་ནགས་ཚལ་གྱི་མེ་འགོག་བྱ་བ་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ་མཐུན་སྦྱོར་བཀོད་གཏོང་ལ་ཤུགས་སྣོན་པ་དང་སྔོན་དཔག་ཉེན་བརྡ་ཇེ་དྲག་ཏུ་གཏོང་བ། མེ་འགོག་སྒྲིག་ཆས་ཁ་སྣོན་བྱེད་པ།ནགས་ཁུལ་གཙོ་བོའི་དོ་དམ་ཚོད་འཛིན་དང་དོགས་ཟོན་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ་གནད་དོན་སྔ་མོ་ནས་རྙེད་པ་དང་སྔ་མོ་ནས་ཐག་གཅོད་བྱེད་ཐུབ་པར་འགན་སྲུང་བྱེད་དགོས། མེ་འགོག་སྦྱོང་བརྡར་དང་མེ་འགོག་དཔུང་སྡེའི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ་ནགས་ཚལ་མེ་འགོག་ཐད་ཀྱི་རྨང་གཞིའི་བྱ་བ་བཟང་བོར་བསྒྲུབ་པ་དང་ནགས་སྲུང་བའི་བྱེད་ནུས་དང་མེ་འགོག་མྱུར་སྐྱོབ་རུ་ཁག་གི་བྱེད་ནུས་འདོན་སྤེལ་བྱས་ཏེ་མེ་སྐྱོན་ཐད་ཀྱི་གནད་དོན་མི་འབྱུང་བར་བྱེད་དགོས། མེ་སྐྱོན་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་ཡང་དང་བསྐྱར་དུ་ཞིབ་བཤེར་བྱེད་པ་དང་། ལས་འགན་སྔར་ལས་ཇེ་ཞིབ་ཏུ་བཏང་སྟེ་ནགས་ཚལ་མེ་འགོག་གི་ཞིབ་ཕྲའི་ལས་འགན་དང་བྱ་བའི་བྱེད་ཐབས་རིམ་པ་བཞིན་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་སུ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་ནགས་ཚལ་མེ་སྐྱོན་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།