བོད་ལྗོངས་ནས་མི་500ལྷག་གིས་བོད་ཡིག་འདྲི་ཤོག་སྤྱད་དེ་རྒྱལ་ཁབ་གཅིག་གྱུར་གྱི་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་ནང་ཐོག་མར་ཞུགས།

མི་དམངས་དྲ་བའི་འཕྲིན། ད་ལོ་ནི་རྒྱལ་ཁབ་གཅིག་གྱུར་གྱི་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་ལམ་ལུགས་བཙུགས་པའི་ཡིག་རྒྱུགས་ལེན་ཐེངས་དང་པོའི་ལོ་ཡིན་ལ། རྒྱུགས་ལེན་གློག་རྡུལ་རྩིས་འཁོར་ཅན་དུ་བསྒྱུར་བའི་ལོ་ཐོག་མའང་ཡིན། བོད་རང་སྐྱོང་ལྗོངས་སུ་ལྷ་ས་དང་གཞིས་ཀ་རྩེ། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས་རྒྱུགས་ར་5དང་། རྩིས་འཁོར་ཅན་གྱི་རྒྱུགས་ལེན་ས་19 རྩིས་འཁོར་ཅན་གྱི་རྒྱུགས་ལེན་རྒྱུགས་ར་59དང་། ཤོག་སྨྱུག་ཅན་གྱི་རྒྱུགས་ར་1བཅས་བཙུགས་ཡོད། བོད་རང་སྐྱོང་ལྗོངས་སུ་མི་2700ཡིས་དྲ་ཐོག་ཏུ་མིང་ཐོ་བཀོད་པའི་ནང་ཆ་རྐྱེན་དང་མཐུན་པའི་མི་2500ཡོད་ཅིང་། རྒྱ་ཡིག་ལམ་ནས་ཡིག་རྒྱུགས་སྤྲོད་མཁན་2000ལྷག་ཡོད་ཅིང་། བོད་ཡིག་ལམ་ནས་ཡིག་རྒྱུགས་སྤྲོད་མཁན་500ཙམ་ཡོད། ཐེངས་འདིའི་ཡིག་རྒྱུགས་ནང་མིང་ཐོ་འགོད་མཁན་གྱི་བསླབ་གནས་མཐོ་རུ་ཕྱིན་ཡོད་པ་དང་། རྫོང(ཆུས)ཤང་། གྲོང་རྡལ་དུ་མིང་ཐོ་འགོད་མཁན་ཇེ་མང་དུ་ཕྱིན་པ། གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་མི་སྣར་མིང་ཐོ་འགོད་མཁན་ཇེ་མང་དུ་ཕྱིན་ཡོད་པ། ཁྲིམས་ཁང་དང་ཞིབ་གཅོད་ཁང་ཁོངས་གཏོགས་སུ་མིང་ཐོ་འགོད་མཁན་ལོ་སྔོན་མ་ལས་ཅུང་ཉུང་དུ་སོང་ཡོད་པ་བཅས་ཀྱི་ཁྱད་ཆོས་མངོན་ཡོད།