སྒ་མགྲོན་མདའི་འབྲི་ཆུའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཡུལ་ཤུལ་ནས་འཚོགས་པ།

ཉེ་ལམ།  ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཡུལ་ཤུལ་གྲོང་ཁྱེར་མགྲོན་མདའ་ཤང་མི་དམངས་སྲིད་གཞུང་། ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་སྒ་མགྲོན་མདའི་འབྲི་ཆུའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་བསུ་བའི་རིག་རྩལ་དགོང་ཚོགས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁམས་པའི་སྒྱུ་རྩལ་ལྟེ་གནས་སུ་འཚོགས། སྐབས་འདིའི་དུས་ཆེན་ནི་མགྲོན་མདའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་རྨང་གཞིའི་ཐོག  གཙོ་བོ་ཡུལ་ཤུལ་གྱི་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པ་དང་། གནའ་གྲོང་དང་ཁྱད་ལྡན་ཞིང་འབྲོག་ལས་ཐོན་རྫས་དྲིལ་སྒྲོག་ལེགས་པོ་བྱ་ཆེད་དུ་སྤེལ་བའི་དམངས་སྲོལ་དུས་ཆེན་ཞིག་རེད།

དུས་ཆེན་གྱི་ནང་དོན་དངོས་ལ་དགོང་ཚོགས་ཕུད། མགྲོན་མདའི་གཟུགས་མེད་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་། སྒ་མགྲོན་མདའི་འབྲི་ཆུའི་རིག་གནས་ཡུལ་སྐོར་དཔྱད་གླེང་ཚོགས་འདུ་གཉིས་ཀྱིས་གྲུབ།

གླུ་ལེན་གར་གྱི་སྒོ་མོ་ཡངས་པོར་ཕྱེས་ནས་སྒ་མགྲོན་མདའི་ཡུལ་དུ་ཕེབས་པའི་ཕྱོགས་ཡོངས་སྐུ་མགྲོན་ལ་མིག་དབང་གསོ་བའི་དགའ་སྟོན་ཆེན་པོ་བཤམས་ཏེ་དུས་ཆེན་གྱི་མདུན་བསུས་པ།

དགོང་ཚོགས་སུ་མགྲོན་མདའ་ཤང་གི་འཁྲབ་སྟོན་ཚོགས་པས་ཁམས་པའི་སྒྱུ་རྩལ་ལྟེ་གནས་ནས་ཡུལ་ཤུལ་ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་དང་དེ་ཕེབས་ཀྱི་ཡུལ་ཕྱོགས་གཞན་གྱི་སྐུ་མགྲོན་བཅས་ཡོངས་ལ་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་བཤམས་ཤིང་།བག་སྤྲོ་ལ་བབ་ཆགས་པའི་ཁམས་པའི་ཞབས་བྲོ་དང་། སྐད་སྙན་ལ་གསེང་མཐོ་བའི་དམངས་གླུ་མཉམ་ལེན། ངར་ཤུགས་ཀྱིས་ཕྱུག་པའི་སྒོར་བའི་དམག་བྲོ། གཞས་མ་གཏམ་འབྲས་གར་སོགས་ནང་དོན་ཕུན་སུམ་ཚོགས་པའི་འཁྲབ་སྟོན་སྣ་ཚོགས་མིག་མདུན་དུ་བསྟར་བར་དེར་ཕེབས་ཀྱི་གཟིགས་མོ་བས་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་དུ་གཏོར།

དེ་ལས་འབྲས་གར་གྱི་གཞས་མ་གཏམ་སྒྱུ་རྩལ་དེ་ད་བར་དུ་ཡུལ་ཤུལ་ཁུལ་རིམ་ཁག་རིག་གནས་སྲུང་སྐྱོབ་སྡེ་ཚན་གྱི་སྲུང་སྐྱོབ་ལ་བརྟེན་ནས་རྒྱུན་འཛིན་ཡག་པོ་ཐུབ་ཡོད་ལ། ཡུལ་ཤུལ་དེང་རབས་གར་སྟེགས་འཁྲབ་སྟོན་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ༢༠༡༣ལོར་མཚོ་སྔོན་ཞིང་ཆེན་གྱི་གཟུགས་མེད་ཤུལ་བཞག་རིག་གནས་སྐོར་བཞི་བའི་ཚབ་མཚོན་རང་བཞིན་གྱི་མིང་ཐོར་ཚུད།

ལོ་ཙཱ་བ། ཁོན་ཐར་འཚོ།