པདྨ་ཚེ་བརྟན་གྱི་གློག་བརྙན《ལག་དམར》ཞེས་པ་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ནས་འཛམ་གླིང་ལ་ཐོག་མའི་གཟིགས་འབུལ་གནང་རྒྱུ་ཡིན་པ།

པདྨ་ཚེ་བརྟན་གྱི་གློག་བརྙན《ལག་དམར》ཞེས་པ་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ནས་འཛམ་གླིང་ལ་ཐོག་མའི་གཟིགས་འབུལ་གནང་རྒྱུ་ཡིན་པ་དང་།  གློག་བརྙན་འདི་ནི་ཐེངས་འདིའི་རྟིང་རྩོད་སྡེ་ཚན་དུ་ཚུད་པའི་ཀྲུང་གོའི་གློག་བརྙན་གཅིག་པུ་རེད། རྒྱལ་སྤྱིའི་སྔོན་བརྡའི་བརྙན་རིས་གསལ་བསྒྲགས་བྱས་ཤིང་།  ལྟ་སྐུལ་བ་ཝང་ཅ་བེས་ཕུལ་བྱུང་ལས་མི་བསྡུས་ཏེ་རོགས་འདེགས་བྱས།  “ཁོ་ནི་དེང་རབས་ཀྱི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་གལ་ཆེན་ཞིག་ཡིན།”

ཙུའུ་ཏུང་གློག་བརྙན་གྱིས་བསྐྲུན་ཞིང་། གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་ཝང་ཅ་བེས་ལྟ་སྐུལ་དང་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གསར་བ《ལག་དམར》ཞེས་པའི་རྒྱལ་སྤྱིའི་སྔོན་བརྡའི་བརྙན་རིས་དང་འགྲེམ་བརྡ་གཉིས་དེ་རིང་དུས་མཉམ་དུ་གསལ་བསྒྲགས་བྱས་པས། ཤར་ཕྱོགས་ཀྱི་གསང་རྒྱའི་རྣམ་པ་དོད་པའི་གློག་བརྙན་འདིའི“ཐོག་མའི་སྣང་བརྙན”ཕྱི་རུ་མངོན། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བཤད་རྒྱུར། ཐེངས་འདིའི་གློག་བརྙན་ལ་སྔོན་དང་མི་འདྲ་བའི་ཚོད་ལྟ་མང་པོ་བྱས་ཡོད་པར་མ་ཟད། གློག་བརྙན་གྱི་དགོས་དབང་ལྟར་དོན་བརྗོད་ཀྱི་འཁྲབ་སྟངས་མི་འདྲ་བའང་སྤྱད་ནས“གཞན་མཚུངས་མ་ཡིན་པའི་ལག་དམར”ཞིག་གི་རང་བཞིན་ཞིབ་བརྗོད་བྱས་ཡོད། འཁྲབ་ཁྲིད་པ་ཝང་ཅ་བེ་ཆེད་དུ་གློག་བརྙན་འདིའི་ལྟ་སྐུལ་པར་གདན་ཞུ་བྱས་ཤིང་། དེ་མིན་རྒྱལ་ཁབ་ཕྱི་ནང་ཀུན་ནས་བྱ་དགའི་རྣམ་གྲངས་མང་པོ་ཐོབ་མྱོང་བའི་གློག་བརྙན་པ་སྐོར་ཞིག་ཀྱང་། ཐེངས་འདིའི་གློག་བརྙན་ཕབ་སྐྲུན་ཚོགས་པར་ཞུགས་ཏེ། ཡིད་དབང་རབ་ཏུ་འཕྲོག་པའི་གཏམ་རྒྱུད་ཅིག་གི་སྣང་བརྙན་དཀར་གསལ་གྱི་བརྙན་ཡོལ་ངོས་སུ་གསར་བཞེངས་བྱས་ཡོད། ཐེངས་འདིའི་གློག་བརྙན་ནི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྟིང་རྩོད་སྡེ་ཚན་དུ་ཚུད་པའི་ཀྲུང་གོའི་གློག་བརྙན་གཅིག་པུ་ཡིན་ལ། སྤྱི་ཟླ་དགུ་བའི་ཚེས་བཞི་ཉིན“གནམ་ས་འབྲེལ་མཚམས”ཞེས་པའི་རྟིང་རྩོད་སྡེ་ཚན་ལས་འཛམ་གླིང་ལ་ཐོག་མའི་གཟིགས་འབུལ་གནང་རྒྱུ་རེད།

ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་རྟིང་རྩོད་སྡེ་ཚན་དུ་ཚུད་པའི་ཀྲུང་གོའི་གློག་བརྙན་གཅིག་པུ།  ཝང་ཅ་བེས་བཤད་རྒྱུར།   པདྨ་ཚེ་བརྟན་ལ་མཉམ་འབྲེལ་བྱེད་ཐུབ་པ་ནི་གཟི་བརྗིད་ཅིག་རེད།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་གྱིས་དོ་སྣང་བྱ་ཡུལ་ནི་བོད་ཀྱི་རིག་གནས་ཡིན་ལ། བོད་མི་རིགས་ཀྱི་འཚོ་གནས་ལས་མངོན་པའི་གནས་སྟངས་གསལ་འདོན་བྱ་རྒྱུ་དེ་ཡིན། ཁོང་གི་བརྩམས་ཆོས་གཞན་དག་བརྒྱུད་ནས། རྒྱལ་ཁབ་ཕྱི་ནང་གི་ལྟ་མཁན་མང་པོར་བོད་ཡུལ་ལ་བཟུང་བའི་ངེས་ཤེས་གསར་བ་རྙེད་དུ་བཅུག་ཡོད་པར་མ་ཟད། ཁོང་གི་གློག་བརྙན་བརྩམས་ཆོས《བོད་ཡུལ་གྱི་གཏམ་རྒྱུད་ཁག་གསུམ》སྟེ། 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》དང་《འཚོལ》《ཁྱི་རྒན》བཅས་ལ་རྒྱལ་ཁབ་ཕྱི་ནང་ཀུན་ཀྱི་གློག་བརྙན་དུས་སྟོན་ལས་བྱ་དགའི་རྟགས་མ་མང་པོ་ཐོབ་མྱོང་། ཉིས་སྟོང་བཅོ་ལྔ་ལོར《ཐར་ལོ》ཞེས་པ་ཐོག་མར་འཛམ་གླིང་གི་གློག་བརྙན་དུས་སྟོན་ཆེན་མོ་གསུམ་གྱི་ཡ་གྱལ་དུ་གཏོགས་པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི“གནམ་ས་འབྲེལ་མཚམས” ཞེས་པའི་རྟིང་རྩོད་སྡེ་ཚན་ནང་དུ་ཚུད།  ཉེ་ཆར།  ཁོང་གི་བརྩམས་ཆོས་གསར་བ《ལག་དམར》ཞེས་པ་ཡང་བསྐྱར་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི“གནམ་ས་འབྲེལ་མཚམས” ཞེས་པའི་རྟིང་རྩོད་སྡེ་ཚན་ནང་དུ་ཚུད།  གློག་བརྙན་འདི་ནི་ཐེངས་འདིའི་རྟིང་རྩོད་སྡེ་ཚན་ནང་དུ་ཚུད་པའི་ཀྲུང་གོའི་གློག་བརྙན་གཅིག་པུ་རེད། “གནམ་ས་འབྲེལ་མཚམས” ཞེས་པ་ནི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གཞུང་ཕྱོགས་ཀྱིས་བསྒྲུབས་པའི་རྟིང་རྩོད་སྡེ་ཚན་གཉིས་ལས་གཅིག་ཤས་དེ་ཡིན།  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་བསྟུད་མར་ཐེངས་གཉིས་ལ་ཞུགས་ཐུབ་པ་ནི།  ཁོང་གི་བརྩམས་ཆོས་ཀྱི་རྣམ་པ་དང་སྤུས་ཀར་ཁས་ལེན་བླ་ལྷག་ཐོབ་པའི་རྟགས་སུ་འཁུམས།

《ལག་དམར》ཞེས་པའི་གློག་བརྙན་འདི་ནི་པདྨ་ཚེ་བརྟན་དང་ཙུའུ་ཏུང་གློག་བརྙན་གཉིས་ཀྱི་མཉམ་འབྲེལ་ཐོག་མ་ཡིན་ལ།  ཨེ་ཤ་ཡའི་སྒྱུ་རྩལ་གློག་བརྙན་གྱི་མཁས་པ་ཆེན་པོ་ཝང་ཅ་བེ་ལགས་ཀྱིས་ལྟ་སྐུལ་བའི་འགན་བཞེས་ཤིང་།  ཀཱ་ནཱ་གློག་བརྙན་དུས་སྟོན་དང་གསེར་རྟ་རྟགས་མ།  གསེར་བརྙན་རྟགས་མ་སོགས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བྱ་དགའ་མང་པོ་ཐོབ་མྱོང་བའི་ལས་རྒྱབ་ཀྱི་ཚོགས་མི་སྐོར་ཞིག་ཀྱང་བཟོ་སྐྲུན་གྱི་ལས་རིམ་ནང་ཞུགས་ཏེ། ཡིད་དབང་རབ་ཏུ་འཕྲོག་པའི་གཏམ་རྒྱུད་ཅིག་གི་སྣང་བརྙན་དཀར་གསལ་གྱི་བརྙན་ཡོལ་ངོས་སུ་གསར་བཞེངས་བྱས་ཡོད། པདྨ་ཚེ་བརྟན་དང་མཉམ་འབྲེལ་བྱས་པའི་སྐོར་གླེང་སྐབས།  ཝང་ཅ་བེས་བཤད་རྒྱུར།  པདྨ་ཚེ་བརྟན་ནི་དེང་རབས་ཀྱི་འཁྲབ་ཁྲིད་པ་གལ་ཆེ་བ་ཞིག་ཡིན་ལ།  ང་ཚོས་ཁོང་ལ་མཉམ་འབྲེལ་གྱིས་གློག་བརྙན་འདི་ཕབ་སྐྲུན་བྱེད་ཐུབ་པ་ནི་གཟི་བརྗིད་ཅིག་ཏུ་རློམ་ཡོད།  

《ལག་དམར》གྱི་རྒྱལ་སྤྱིའི་སྔོན་བརྡའི་བརྙན་རིས་དང་འགྲེམ་བརྡ་གསལ་བསྒྲགས་བྱས་པ། པདྨ་ཚེ་བརྟན་གྱིས་བཤད་རྒྱུར།འདི་ནི་ཧ་ཅང་གཞན་མཚུངས་མ་ཡིན་པའི་ལག་དམར་གྱི་གཏམ་རྒྱུད་ཅིག་ཡིན།

《ལག་དམར》ཞེས་པའི་གློག་བརྙན་འདིའི་འཁྲབ་གཞུང་ནི་ཚེ་རིང་ནོར་བུའི་སྒྲུང་ཐུང《ལག་དམར》ཞེས་པ་དང་པདྨ་ཚེ་བརྟན་གྱི་སྒྲུང་ཐུང《ལུག་གཅིག་ལྔ་བའི་ལམ་དུ་བརྫངས》ཞེས་པ་གཉིས་བཅོས་སྒྲིག་བྱས་པ་ལས་གྲུབ་པ་ཞིག་ཡིན། འདི་ལ་བོད་ཀྱི་འཁྲབ་སྟོན་པ་སྦྱིན་པ་དང་དགེ་འདུན་ཕུན་ཚོགས།  བསོད་ནམས་དབང་མོ་བཅས་ཀྱིས་གཙོ་འཁྲབ་བྱས་ཤིང་། ནང་དོན་ནི་ཤ་འཁོན་ལེན་པའི་གཏམ་རྒྱུད་ཅིག་ཞིབ་བརྗོད་བྱས་ཡོད།  པདྨ་ཚེ་བརྟན་གྱིས་བཤད་རྒྱུར།  འདི་ནི་ལག་དམར་ཞིག་གི་གཏམ་རྒྱུད་ཡིན་མོད། འོན་ཀྱང་།  ལག་དམར་གཞན་གྱི་གཏམ་རྒྱུད་དང་ཆ་འདྲ་ཞིག་གཏན་ནས་མིན། ང་རང་གཏམ་རྒྱུད་འདིའི་བརྗོད་སྟངས་ལ་ཧ་ཅང་དགའ། ཞེས་ཟེར། དེ་མིན་ད་དུང་ཐེངས་འདིར་སྔོན་དང་མི་འདྲ་བའི་ཚོད་ལྟ་མང་པོ་བྱས་ཡོད་པར་མ་ཟད། གློག་བརྙན་ཁྲོད་དུ་ཁ་མཚར་ནག་པོའི་བརྗོད་ཐབས་སྣ་མང་སྤྱད་ཡོད།

དེ་རིང་གློག་བརྙན་འདིའི་རྒྱལ་སྤྱིའི་སྔོན་བརྡའི་བརྙན་རིས་ཁྲོད། འཁྲབ་ཁྲིད་པའི་གློག་བརྙན་གྱི་ཚོན་མདོག་དང་ཞིབ་བརྗོད་ཀྱི་རྣམ་པའི་སྟེང་གི་ཚོད་ལྟ་དང་ཐོད་རྒལ་རྣམ་པ་ཐོག་མར་མཐོང་ཞིང་།ཚོན་མདོག་དཀར་ནག་གི་བརྙན་རིས་དང་ཚོན་མདོག་ཁྲ་བའི་སྡེབ་སྦྱོར།རྨི་ལམ་དང་དངོས་ཡོད་བར་གྱི་རྟོག་བཟོའི་འདྲེས་སྦྱོར་བཅས། བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་བའི་ཤ་འཁོན་རྩོད་པའི་གཏམ་རྒྱུད་ཅིག་བརྗོད་ཡོད་ཅིང་།དེ་ལ་སྒྱུ་འཕྲུལ་དང་ལེགས་བཤད་ཀྱི་རང་མདངས་གསལ།  “གལ་ཏེ་ཁྱོད་རང་ངའི་རྨི་ལམ་དུ་འཛུལ་བ་ཡིན་ན། རྨི་ལམ་དེ་ཉིད་ཁྱོད་ཀྱི་རྨི་ལམ་དུའང་འགྱུར་སྲིད”ཅེས་པའི་རང་རིགས་ཀྱི་གཏམ་དཔེ་ནང་བཞིན།  ཁྱོད་ལ་དྲན་ཚུལ་སྣ་མང་གི་བློ་སྒོ་འབྱེད་ངེས་ཡིན།  《ལག་དམར》གྱི་རྒྱལ་སྤྱིའི་འགྲེམ་བརྡའང་སྔོན་བརྡའི་བརྙན་རིས་དང་ལྷན་དུ་གསལ་བསྒྲགས་བྱས་ཡོད་ལ། དེ་ནི་གསེར་མདོག་བཀྲ་བའི་དཀྱིལ་འཁོར་ཞིག་གི་གཤམ་དུ། མི་སྣ་གཙོ་བོ་གཉིས་ཀྱིས་ཕན་ཚུན་རྒྱབ་གཏད་ནས་འགྲེངས་ཡོད་ལ། དེའི་རྒྱབ་ཕྱོགས་སུ་གསང་བ་ལྐོག་གྱུར་གྱི་མི་སྣ་ཞིག་གིས་ཕུར་ཚུགས་སུ་བལྟས་ཡོད། ཐལ་མདོག་གི་སྡེབ་སྒྲིག་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་བྱ་དངོས་ཀྱི་ཞིབ་ཆ། མཚར་སྣང་དང་སྒྱུ་འཕྲུལ་གྱིས་ཕྱུག་པའི་མྱོང་ཚོར། བོད་ཀྱི་གཞུང་ལམ་གློག་བརྙན་ནག་པོ་འཛམ་གླིང་གི་ལྟ་མཁན་ཁྲི་མ་འབུམ་གྱི་སྤྱན་དྲུང་དུ་འབྱོར་ལ་ཉེ།