མཚོ་ལྷོ་ཁུལ་ཆོས་ལུགས་ལས་རིགས་ཀྱིས་དཀའ་སེལ་སློབ་སྐྱོར་དགེ་སྒྲུབ་སྦྱིན་གཏོང་གི་རོགས་དངུལ་སྟེར་བའི་བྱ་འགུལ་སྤེལ་བ།

ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་དམངས་གཅེས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། དཀའ་་ཆེལ་སློབ་སྐྱོར། དགེ་སྒྲུབ་སྦྱིན་གཏོང་གི་སྙིང་སྟོབས་དར་སྤེལ་བྱ་ཆེད། ཟླ8ཚེས30ཉིན། ཁུལ་ཡོངས་ཀྱི་“བླ་སྤྲུལ་དམ་པས་ཏང་དང་མཉམ་དུ་མང་ཚོགས་ལ་ཞབས་འདེགས་ཞུ” ་བའི་བྱ་འགུལ་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་བ་རེད།

ཁུལ་ཨུ་དང་ཁུལ་སྲིད་གཞུང་། དམངས་ཆེན། སྲིད་གྲོས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་། ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། དྲུང་ཡིག་ཆེན་མོ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ནས་ཡོང་བའི་བླ་སྤྲུལ་དང་མཁན་པོ། དམངས་གཙོའི་དོ་དམ་མི་སྣ། རོགས་དངུལ་ཐོབ་པའི་ཁྱིམ་བདག་དང་སློབ་མ་སོགས་བསྡོམས་པས་མི་གྲངས75སློབ་སྐྱོར་རོགས་དངུལ་སྟེར་བའི་བྱ་འགུལ་ཁྲོད་ཞུགས་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་སློབ་མ10ལ་སློབ་སྐྱོར་རོགས་དངུལ་སྒོར60670བྱིན་པ་རེད།

མཚོ་ལྷོ་ཁུལ་ཆོས་ལུགས་ལས་རིགས་ཀྱིས་ཏང་ཨུ་དང་། སྲིད་གཞུང་གི་འབོད་སྐུལ་ཧུར་ཐག་གིས་དང་དུ་བླངས་ནས། དབུལ་སྐྱོར་དཀའ་སེལ་གྱི་སྲོལ་རྒྱུན་བཟང་པོ་འདོན་སྤེལ་བྱས་ཏེ། བསྡོམས་པའི་དགོན་སྡེ་དང་ཆོས་ལུགས་ལས་རིགས་མི་སྣའི་སློབ་སྐྱོར་ཐེབས་རྩ་ཁྲི་30ལྷག་ཙམ་གྲབས་གསོག་བྱས་ནས་ལོ་ལྟར་དབུལ་ཕོངས་སློབ་མའི་སློབ་ཞུགས་ཐད་ལ་དཀའ་སེལ་རོགས་སྐྱོར་བྱ་རྩིས་ཡོད།ཞལ་འདེབས་མ་དངུལ་གྱི་སྐར་མ་རེ་རེའང་དོན་དངོས་སྟེང་རོགས་རམ་མཁོ་བའི་དབུལ་ཕོངས་སློབ་མའི་ལག་ཏུ་སྤྲོད་ཆེད། རོགས་སྒྲུབ་བྱ་བ་“ འགག་སྒོ་ནན་སྲུང་དང་། བརྒྱུད་རིམ་ཚད་ལྡན། ཡོངས་བསྒྲགས་གསལ་སྟོན” བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། རྫོང་ཁག་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱིས་རང་ས་གནས་ཀྱི་ཞང་གྲོང་རྡལ་སྲིད་གཞུང་དང་། སློབ་གསོ། དམངས་སྲིད་སྡེ་ཁག་གིས་སློབ་སྐྱོར་རོགས་དངུལ་རེ་ཞུ་བྱེད་པའི་སློབ་མའི་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་པ་བརྒྱུད། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མཐའ་མའི་ཞིབ་བཤེར་དང་སློབ་མ་གཏན་འཁེལ་བྱས་པར་མ་ཟད། ཞལ་འདེབས་མིང་ཐོ་ཁྱབ་བསྒྲགས་བྱེད་པ། ཁྱིམ་ཚང་དཀའ་ངལ་ཅན་གྱི་བྱིས་པ10ལ་མི་རེར་ལོ་རེར་སྒོར་སྟོང་ཕྲག་ཁ་ཤས་ནས་སྒོར་ཁྲི་བར་རིམ་པ་མི་འདྲ་བའི་སློབ་ཡོན་དང་ཞག་སྡོད་འགྲོ་གྲོན་གྱི་མཐུན་རྐྱེན་སྒྲུབ་ནས་ཚད་ཡོད་ཀྱི་དགེ་སྒྲུབ་དངུལ་དོན་འཁྱོལ་ཡོང་བ་དང་། རོགས་རམ་གྱི་དགོས་མཁོ་ཡོད་པའི་ཕུལ་བྱུང་དབུལ་ཕོངས་སློབ་མའི་ལག་ཏུ་འབྱོར་ཐུབ་པར་འགན་སྲུང་ལེགས་པོ་བྱས།

ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་རོལ་ཚང་གིས་བསྟན་དོན། དཀའ་སེལ་དབུལ་སྐྱོར་སློབ་རོགས་ནི་ཆོས་ལུགས་ལས་རིགས་ཀྱི་དོར་ཐབས་མེད་པའི་འོས་འགན་ཞིག་ཡིན་ལ། བྱས་རྗེས་དེང་འདིར་བཞག་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན་པས། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་ཐེངས་འདིའི་དཀའ་སེལ་སློབ་རོགས་བྱ་འགུལ་སྤེལ་བའི་གོ་སྐབས་དང་བསྟུན་ནས། ཧུར་ཐག་གིས་རོགས་སྐྱོར་གྱི་ལག་ཟུང་བསྲིངས་ཏེ་དཀའ་ངལ་ཡོད་པའི་སློབ་མ་སློབ་མཐར་ཕྱིན་པ་དང་། སྤྱི་ཚོགས་ཡོངས་སུ་དཀའ་སེལ་སློབ་སྐྱོར་བཅས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱ་དགོས། མུ་མཐུད་དུ་ཆོས་ལུགས་ལས་རིགས་མི་སྣའི་སྙིང་རྗེ་དང་བྱམས་བརྩེ། ལྷག་བསམ་བཅས་ཀྱི་རིན་ཐང་ལྟ་བ་དར་སྤེལ་བྱས་ནས་སློབ་སྐྱོར་བྱ་འགུལ་རྒྱུན་ལྡན་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་འབད་པ་ལྷུར་ལེན་བྱས་ཏེ་ཆོས་ལུགས་ལས་རིགས་ཀྱི་སྣང་བརྙན་བཟང་པོ་བསྐྲུན་དགོས། དེ་དང་མཉམ་དུ། རོགས་སྐྱོར་ཐོབ་པའི་སློབ་མ་ཚོས་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་དང་གཅེས་འཛིན་བྱས་ནས། སྔར་ལས་འབད་བརྩོན་ལྷོད་མེད་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སློབ་སྦྱོང་བཟང་བོ་བྱས་ཏེ། སྔ་མོ་ནས་སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས་ཞེས་ར་བ་ནན་མོ་བཏོན་པ་རེད།

གསར་འགོད་པ། ཚེ་རིང་འབུམ།